30
Tue, Apr

ཕྱི་ལོ་༢༠༢༣་ཟླ་༡༠ ཚེས་༢༤་ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་དང་ཁྲིམས་སྒྲིག་ལས་བྱེད་ཕུར་བུ་སྒྲོལ་མ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༡༠ ཚེས་༢༤་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་ལམ་སྟོན་འགྱུར་དེབ་༼ མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ ༽་ཞེས་པ་དབུ་འབྱེད་གནང་སོང་། སྐབས་དེར། གཞུང་སྒེར་སུ་ཡིན་ཡང་བོད་ནང་གི་ཛ་དྲག་གི་གནས་སྟངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཡར་ཞུ་ཆོག་གི་ཡོད་པ་དང་བོད་མི་ཚོས་གང་ཐུབ་ཡར་ཞུ་བྱས་ནས་བོད་ནང་ཛ་དྲག་གི་གནས་སྟངས་ལ་དོ་སྣང་མང་ཙམ་ཡོང་བའི་རེ་བ་ཞུ་ཡི་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠་པའི་ཐོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དཔེ་མཛོད་ཁང་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་མི་ལོ་༧༨ འཁོར་བའི་དུས་ཆེན་ནམ་ཡོངས་གྲགས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་ཞེས་འབོད་པའི་ཉིན་མོ་སྲུང་བརྩི་དང་སྦྲགས། ལྟེ་གནས་ཁང་དེའི་ཉམས་ཞིབ་པ་ཉི་མ་འོད་ཟེར་དང་ཁྲིམས་སྒྲིག་ལས་བྱེད་ཕུར་བུ་སྒྲོལ་མ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་ལམ་སྟོན་འགྱུར་དེབ་༼ མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ ༽་དབུ་འབྱེད་དང་དེ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་ཚོགས་སོང་།

ཐོག་མར། ཁྲིམས་སྒྲིག་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱིས་ལྟེ་གནས་ཁང་འདི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་བརྒྱུད་ནས་ཕྱི་ལོ་༢༠༢༣་ལོར་བོད་ནང་བོད་མི་འཛིན་བཟུང་དང་བཙན་ཁྲིད། གཅར་རྡུང་། རིག་གཞུང་ཐོབ་ཐང་འཕྲོག་པ། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་བ། དེ་བཞིན་ཆབ་སྲིད་བཙོན་པའི་འཕྲོད་བསྟེན་ཐོག་ནས་དཀའ་ངལ་འཕྲད་མཁན་དང་འབྲེལ་ནས་སྙན་ཞུ་གྲངས་༢༡་བཏང་ཡོད་པ་དང་། དེའི་ནང་ཁ་ཅིག་ལ་ཡིག་ལེན་འབྱོར་བྱུང་ཡོད་པ་དང་ད་ལྟར་མུ་མཐུན་ནས་འབྲེལ་བ་བྱེད་བཞིན་ཡོད་སྐོར་བརྗོད་སོང་།

དེ་ནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་དེ་ག་ཚོད་གལ་ཆེན་པོ་ཆགས་ཡོད་མེད་དང་དེ་བོད་དང་འབྲེལ་བ་ཅི་ཞིག་ཡོད་མེད་སྐོར་ནས་བརྗོད་དོན། རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་གྱི་དབུ་ཁྲིད་དང་ལས་བྱེད་རྣམས་ནི་རང་དབང་ལྡན་པ་དང་རྒྱལ་ཁབ་དང་དཔལ་འབྱོར་གྱིས་ཤུགས་རྐྱེན་མེད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་བརྒྱ་དང་དགུ་བཅུ་གོ་གསུམ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་དུས་ནས་དུས་སུ་རྟོག་ཞིབ་བྱེད་རྒྱུ་དང་དེ་བཞིན་གནས་སྟངས་དེ་དག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་ཚོགས་ཚོགས་ཆེན་ལ་སྙན་ཞུ་ཕུལ་གྱི་ཡོད་རེད། གཞན་ཡང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་དག་གིས་གསལ་འདེབས་བྱེད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་མ་ཟད། ཁོ་ཚོ་རྒྱལ་ཚོགས་ཀྱི་ཚོགས་མི་ཡིན་ཕྱིར་འགན་གང་ཡོད་མེད་སྐོར་བརྗོད་ཀྱི་ཡོད། ད་དུང་རྒྱལ་ཁབ་དེ་དག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་ཐོག་ལམ་སྟོན་གནང་གི་ཡོད་རེད།

རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་དེ་ང་ཚོ་བོད་པ་ལ་འབྲེལ་བ་གང་ཆགས་ཡོད་རེད་ཟེར་ན། ང་ཚོས་དམིགས་བསལ་བརྒྱུད་རིམ་བརྒྱུད་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཡར་ཞུ་དང་སྙན་ཞུ་འབུལ་ཆོག་གི་ཡོད་རེད། ང་ཚོ་གཞུང་སྒེར་དང་ཚོགས་པ་སུ་ཡིན་ཡང་བོད་ནང་བོད་མི་འཛིན་བཟུང་དང་ཉེས་མེད་ཁྲིམས་ཐག་བཅད་པ་རྣམས་སྙན་ཞུ་འབུལ་ཆོག་གི་ཡོད་རེད། དེར་བརྟེན། བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྒེར་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ལ་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་སྙན་ཞུ་ཡར་སྤྲད་པ་ཡིན་ན། ནུས་ཤུགས་ཆེ་བ་ཡོད་རེད། དེ་མ་གཏོགས་ལྟེ་གནས་ཁང་འདི་གཅིག་པོ་བོད་ནང་གནས་སྟངས་སྐོར་སྙན་ཞུ་སྤྲད་པ་ཁོ་ནས་ནུས་པ་ཤུགས་ཆེན་དེ་འདྲ་འདོན་གྱི་མ་རེད། རྒྱུ་མཚན་དེར་བརྟེན་ནས་བོད་འགྱུར་དཔེ་དེབ་འདི་བཏོན་པ་རེད། ང་ཚོས་མ་འོངས་པར་བོད་མི་སྤྱི་སྒེར་ཚང་མས་བོད་ནང་ཛ་དྲག་གི་གནས་སྟངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ཡར་ཞུ་མང་ཙང་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད། དེ་འདྲ་བྱས་ན་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་ཐུབ་ཀྱི་རེད་ལ་རྒྱ་ནག་ནི་ངོ་གདོང་དགའ་མཁན་ཡིན་དུས་རྒྱལ་ཚོགས་ཚོགས་ཆེན་སྟེང་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་གི་འདུག་ཅེས་བརྗོད་དུས་ཁོ་ཚོ་ངོ་ཚ་བོ་ཆགས་ཀྱི་རེད། དེ་བཞིན་དམིགས་བསལ་བརྒྱུད་རིམ་གྱི་ཚོགས་མི་རྣམས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་ཀྱི་རེད།

འདས་པའི་ལོ་ནང་རྒྱལ་ཚོགས་ཀྱི་དམིགས་བསལ་བརྒྱུད་རིམ་ནས་རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་སྐོར་གསལ་འདེབས་བྱེད་དགོས་དགོས་འདུན་བཏོན་ཡོད་པ་མ་ཟད། ཁོ་ཚོའི་གནས་སྟངས་སྐོར་རྒྱ་གཞུང་གིས་གསལ་འདེབས་བྱེད་ཡོད་རེད། བོད་ཀྱི་ཆབ་སྲིད་བཙོན་པ་རྒྱལ་སྤྱིའི་སྡིངས་ཆ་སྟེང་མིང་སླེབས་ཚར་དུས་ཁོ་ཚོ་བཙོན་ཁང་ནང་དུ་རྒྱ་གཞུང་གིས་གང་བྱུང་བྱེད་ཐུབ་ཀྱི་མེད་པ་ཆབ་སྲིད་བཙོན་ཟུར་ཁག་ཅིག་འགྲེལ་བརྗོད་གནང་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།