28
Sun, Apr

ཕྱི་ལོ་༢༠༢༣ ཟླ་༩ ཚེས་༡༩ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་། པར།་སྤྱི་ལྷན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༩ ཚེས་༡༩ ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་། ཉིན་དང་པོར་གཞུང་འབྲེལ་མྱ་ངན་གུས་དུད་ཀྱིས་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཞག་རྒྱུ་དང་། དེ་ནས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ། སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཞུ་རྒྱུ། ལོ་འཁོར་ལས་བསྡོམས་ཐོག་དྲི་བ་དང་དྲི་ལན་གྱི་ལས་རིམ་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ་བཅས་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩།༣༠ ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་། སྤྱི་འཐུས་གཅིག་སྒེར་གྱི་གནས་དོན་ཆེད་ཉམས་ཞུགས་གནང་ཐུབ་མེད་པ་མ་གཏོགས་གཞན་ཚང་མ་ཉམས་ཞུགས་གནང་ཐུབ་ཡོད་འདུག

ཐོག་མར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གསུང་བཤད་གནང་དོན། སྤྱིར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན། བོད་ཀྱི་ཆབ་སྲིད་གནད་དོན་དང་། སྤྱི་ཚོགས་དང་འབྲེལ་བའི་ཐོག་ལས་དོན་གནང་ཕྱོགས་མང་གཙོ་དུས་ཆེན་ཐེངས་༦༣་པའི་སྤྱི་འཐུས་ཀྱི་གསུང་བཤད་ནང་དུ་ སྙན་གསེང་ཞུས་ཡོད། གཞན་ཡང་སྤྱི་འཐུས་རྣམ་པ་རྒྱ་གར་གྱི་བོད་པའི་གཞིས་ཆགས་སྐོར་བསྐྱོད་དང་ཚོགས་གཙོ་གཉིས་ཀྱིས་གྲོས་བསྡུར་གནང་ནས་ཚོགས་འདུ་ཐེངས་གསུམ་བཀོང་ཚོགས་བྱས་ཡོད་རེད། རྒྱལ་སྤྱིའི་ཐོག་བོད་ནང་གི་གནས་སྟངས་ལ་གོ་རྟོགས་དང་ཞུ་གཏུགས་ལེགས་པོ་ཡོང་ཆེད་སྤྱི་འཐུས་རྣམ་པར་ཟབ་སྦྱོང་སྤྲད་ཡོད། དེ་བཞིན། ཕྱི་རྒྱལ་དང་རྒྱ་གར་དུ་ས་གནས་ཁག་ཏུ་ཕེབས་ནས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་ནས་བོད་དོན་ཐོག་གོ་རྟོགས་དང་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད། གཞན་ཡང་སྤྱི་འཐུས་རྣམ་པ་ཕྱི་རྒྱལ་དང་རྒྱ་གར་ནང་དུ་ཡོད་པའི་བོད་པའི་སྤྱི་ཚོགས་ཁག་ཏུ་ཕེབས་ནས་བོད་མི་རྣམས་ལ་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་༸གོང་ས་མཆོག་གི་མཛད་འཕྲིན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཐོག་ནས་གོ་རྟོགས་སྤེལ་བ་དང་། མི་མང་གི་བདེ་སྡུག་གི་གནས་སྟངས་ལ་གསན་བཞེས་གནང་བ། དེའི་སྐོར་གྱི་སྙན་ཐོ་རྣམས་འཛིན་སྐྱོང་བཀའ་ཤག་ལ་ཡར་ཕུལ་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

ཚོགས་གཙོ་མཆོག་གིས་མུ་མཐུད་ནས་གསུང་དོན། རྒྱ་གར་གནད་ཡོད་མི་སྣ་ཙམ་མ་ཟད། མི་མང་རྣམས་ལ་བོད་པའི་ཐོག་ནས་མཁྱེན་པ་ཡོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཙམ། སྤྱི་འཐུས་རྣམ་པ་སྡེ་ཚན་ཁག་བཅུ་གཅིག་ལ་བགོ་བཤའ་བརྒྱབ་ནས་ལོ་གཅིག་གི་དུས་ཚོད་ནང་དུ་ས་གནས་ཁག་ཏུ་ཕེབས་རྒྱུའི་འཆར་གཞི་སྒྲིག་ཡོད། ད་ལྟར་སྤྱི་འཐུས་ཚོགས་ཆུང་ཁག་བཞི་ཕེབས་ཟིན་པ་རེད། སྤྱི་འཐུས་རྣམ་པ་རྒྱ་གར་གྱི་གནས་ཡོད་མི་སྣ་ཐུག་འཕྲད་གནང་ཡོད་པ་དང་། ལྷག་པར་དུ་མཐོ་སློབ་ཁག་གི་སློབ་ཕྲུག་རྣམས་ཐུག་འཕྲད་གནང་ཡོད།

ང་ཚོ་ལས་དོན་གང་དང་གང་བརྩམས་པ་ཡིན་ནའང་ལས་དོན་ཁག་གསུམ་ལ་བསམ་བློ་གཏོང་དགོས་རེད་བསམས་ཀྱི་འདུག དང་པོའང་གལ་ཆེ་ཤོས་དེ་ནི་བོད་ནང་གི་བོད་མིའི་གནས་སྟངས་རེད། གཉིས་པ་དེ་སྒྲིག་འཛུགས་ཀྱི་གནས་སྟངས་རེད། གསུམ་པ་དེ་རྒྱལ་སྤྱིའི་སྒྲིག་འཛུགས་དང་སྡེ་ཚན་མི་འདྲ་ཁག་ལ་སྙོབས་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།

དེ་བཞིན་བོད་ནང་གི་གནས་སྟངས་ནི་མི་ཡུལ་གྱི་དམྱལ་བ་ལྟར་འགྱུར་ཡོད། ཡ་ང་བའི་གནས་སྟངས་ཆགས་བསྡད་ཡོད་རེད། ཞིབ་ཕྲ་བཤད་པ་ཡིན་ན། ཆོས་དད་རང་དབང་གི་གནས་སྟངས་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མེད་པ། འགྲོ་འདུག་བསྐྱོད་གསུམ་གྱི་རང་དབང་མེད་པ། རང་སོ་སོའི་སྐད་ཡིག་བདེ་སྤྱོད་གཏོང་མི་ཐུབ་པའི་གནས་སྟངས་དེ་འདྲ་ཆགས་བསྡད་ཡོད་རེད། དེ་བཞིན་རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་རྒྱ་གཞུང་གིས་འཛིན་བཟུང་དང་མནར་གཅོད་བཏང་དང་གཏོང་ཡོད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། བོད་ནང་གི་གནས་སྟངས་ད་དུང་ཡང་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དེ་གསལ་པོ་ཆགས་བསྡད་ཡོད་རེད། དེ་ཚོ་ང་ཚོ་རྒྱུན་དུ་བསམ་བློ་འཁོར་རྒྱུ་དང་ང་ཚོ་གཤམ་དུ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་དུ་ཡོང་གི་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། དེ་ཚོ་གཙོ་བོར་རྒྱ་གཞུང་གི་སྲིད་བྱུས་ཁག་ལ་རག་བསྡད་ཡོད་རེད། ས་གནས་ཁག་གི་དཔོན་རིགས་ཁག་གི་བསམ་བློ་གཏོང་ཕྱོགས་དང་སྟངས་འཛིན་བྱེད་ཕྱོགས་ལ་རག་ལས་འདུག རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་དངོས་འདོད་གང་ཡིན་པ་ཤར་བསྐྱོད་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དེ་ཤེས་དགོས་འདུག རྒྱ་གཞུང་གིས་བོད་ནང་གི་གནས་སྟངས་ལ་སྣང་མེད་བཏང་ནས་རྒྱལ་སྤྱིའི་ཐོག་ལ་འདྲ་མཉམ་དང་གཟེངས་སུ་ཐོན་པའི་བསམ་བློ་གཏོང་བ་དེ་ཕལ་ཆེན་ནོར་བ་རེད་ཟེར་ནས་ངོས་འཛིན་ཞུ་ཐུབ་ཆགས་ཀྱི་ཡོད་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་དངོས་འདོད་དེ་སྒྲུབ་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། རྒྱ་གཞུང་གི་བྱེད་སྟངས་ལ་བརྟེན་ནས་ཕྱི་ལོ་༡༩༨༠་གྱ་གྲངས་ནས་ཕྱི་ལོ་༢༠༠༩་བཟུང་ནས་རང་ལུས་མེར་བསྲེགས་བཏང་ནས་ད་ལྟར་ར་སྤྲོད་བྱུང་བ་དེ་༡༥༧་ཆགས་བསྡད་ཡོད་རེད། ཁོང་རྣམ་པའི་རེ་བ་ནི་བོད་ནང་རང་དབང་དགོས། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་སྒྲ་རེད། འོན་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་ནས་འགྲེལ་བཤད་ལོག་པ་བརྒྱབས་པ་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་འགེབས་སྲུང་བྱེད་པ་། རྒྱ་གཞུང་གི་བྱེད་སྟངས་དེ་དག་རྒྱལ་སྤྱིའི་ཐོག་ནས་ཧ་གོ་ཡི་ཡོད་རེད། རྒྱ་གཞུང་གིས་ད་དུང་མུ་མཐུད་ནས་དེ་ལྟར་བྱས་ན་ཁག་པོ་ཞེ་དྲག་ཆགས་ཀྱི་རེད་བསམ་གྱི་འདུག རྒྱལ་སྤྱིའི་ཐོག་ནས་རྒྱ་གཞུང་དང་སྲིད་འཛིན་ཞི་ཅིང་ཕིང་གི་བྱེད་སྟངས་དེ་དག་ལ་བརྟེན་ནས་རྒྱ་ནག་ལ་ལྟ་སྟངས་འགྱུར་བ་ཆེན་པོ་ཐེབས་ཀྱི་ཡོད། རྒྱ་ནག་ནང་གི་དཔོན་རིགས་ཁག་གི་བྱེད་སྟངས་ལ་ཁ་གསལ་པོ་མེད་པ་དང་ཕྱི་གསལ་ནང་གསལ་མེད་པ་དེ་འདྲ་ཆགས་བསྡད་ཡོད་རེད། དེར་བརྟེན། ང་ཚོ་གོ་སྐབས་འདི་འཛིན་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་ཚོགས་གཙོ་མཆོག་གིས་ཉིན་བཅུ་ཡི་ནང་དུ། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཞག་རྒྱུ་དང་། བཀའ་བློན་རྣམས་ཀྱིས་ལས་བསྡོམས་ཀྱི་གསུང་བཤད་གནང་རྒྱུ་ཡིན་པ་དང་། གྲོས་ཚོགས་ཀྱི་ལས་རིམ་སྐྱོང་བའི་སྐབས་སུ་གྲོས་ཚོགས་ནང་གི་ལས་དོན་དང་སྤྱི་ཚོགས་ནང་གི་ལས་དོན་གང་ཡིན་རུང་གླེང་སློང་བྱེད་དགོས་ཀྱི་འདུག་མི་འདུག་དང་། གླེང་སློང་བྱེད་ན་ཕན་ཐོགས་ཀྱི་འདུག་མི་འདུག་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་རྣམ་པས་དགོངས་པ་བཞེས་རོགས་ཞེས་། གླེང་བ་ཡིན་ན་དེར་སྡིགས་ར་དང་ཚིག་རྩུབ་ལྟ་བུ་བེད་སྤྱོད་མ་གཏོང་རོགས་ཞེས་འབོད་སྐུལ་ཞུས་སོང་།

ཁོང་གིས་དེའི་སྐོར་ལ་གསུང་དོན། ང་ཚོར་རིག་གཞུང་བཟང་པོ་ཞིག་ཡོད་རེད། ང་ཚོར་རྒྱུ་མཚན་གང་ཡོད་ན་གསུང་ཆོག་གི་ཡོད་རེད། རྒྱུ་མཚན་མེད་པ་འཛིན་སྐྱོང་དང་འཐུས་མི་ཕན་ཚུན་ལ་ཟུར་ཟ་བྱེད་ན་ང་ཚོའི་རིག་གཞུང་དེ་ཉམས་ཆགས་འགྲོ་ཡི་འདུག གྲོས་ཚོགས་ཀྱི་ཆེ་མཐོང་ཡང་ཉམས་ཆགས་འགྲོ་ཡི་འདུག གྲོས་ཚོགས་ཀྱི་ཆེ་མཐོང་དེ་ཚོགས་གཙོ་གཉིས་ལ་འགན་གཅིག་པོར་ཡོད་མ་རེད། ཚང་མར་འགན་ཡོད་རེད། མང་པོ་ཞིག་གིས་གྲོས་ཚོགས་ལ་དོ་སྣང་བྱེད་ཀྱི་ཡོད་རེད། དོ་སྣང་བྱེད་མཁན་ཚོའང་ཐུགས་ཕན་གསོ་བ་ཞིག་ལ་གནས་ཚུལ་ཆ་ཚང་བ་ཞིག་སྤྲོད་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་བཞིན་སྤྱི་ཚོགས་ཀྱིས་ཡང་དགོངས་པ་བཞེས་དགོས་གྱི་འདུག སྤྱིར་བཏང་སྤྱི་ཚོགས་གལ་ཆེན་པོ་རེད། འོན་ཀྱང་སྤྱི་ཚོགས་ནང་དུ་ཕྱོགས་ཁག་གི་རྣམ་པ་ཐོན་བསྡད་ན་ཡག་པོ་རྩ་བ་ནས་མི་རེད་བསམས་ཀྱི་འདུག བར་སྐབས་ཞིག་ནས་དེ་འདྲ་ཡོང་གི་འདུག ང་ཚོས་ཆབ་སྲིད་གནས་བབ་རྩ་བ་ནས་རྩེད་ཐུབ་ཀྱི་མ་རེད། ང་ཚོར་མི་བབ་ནི་ཡོད་མ་རེད། དཔལ་འབྱོར་གནས་བབ་ནི་ཡོད་མ་རེད། ང་ཚོ་མི་ཡུལ་ལུང་པར་བསྡད་ཡོད་རེད། ང་ཚོ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་གཅིག་ལ་གཅིག་བརྟེན་གྱི་གནས་བསྡད་ཡོད་རེད། གནས་བབ་འདི་འདྲར་བསམ་བློ་བཏང་ནས་༸གོང་ས་མཆོག་གིས་ང་ཚོ་ཆོལ་ཁ་གསུམ་འདི་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་ཡིན་གསུངས་པ་བཞིན་གནང་དགོས་རེད། དེ་མིན་སྤྱི་ཚོགས་ནང་དུ་སྡེ་ཚན་དང་ཆ་བགོད་བྱས་བསྡད་ན་ཕན་ཐོགས་གང་ཡང་ཡོད་མ་རེད། མཚམས་མཚམས་ང་ཚོ་འདོད་བློ་མ་གང་བ་དེ་འདྲ་ཡོང་སྲིད་པ་རེད། འོན་ཀྱང་། ང་ཚོས་བསམ་བློ་གཏོང་ཕྱོགས་ཀྱིས་འདོད་པ་གང་བ་དེ་འདྲ་བཟོས་ཐུབ་ཀྱིས་རེད། འཛིན་སྐྱོང་དང་སྤྱི་ཚོགས་ནང་ང་ཚོར་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས་སེམས་འཚབ་གནང་གི་འདུག དེ་ཚོའི་ཐོག་ང་ཚོ་ཕྱོགས་ཡོངས་ཀྱི་ཐོག་ནས་དགོངས་པ་བཞེས་ནས་ང་ཚོའི་གནས་བབ་དེ་སླར་གསོ་བྱེད་ཐུབ་དགོས་པ་དང་སྔར་ལས་ལྷག་ཡོང་དགོས་པ་གལ་ཆེན་པོ་རེད་བསམས་ཀྱི་འདུག

གཞན་ཡང་སྤྱི་འཐུས་རྣམ་པའི་གཏམ་བཤད་དང་འཛིན་སྐྱོང་བཀའ་ཤག་གི་ལན་འདེབས་གསལ་བཤད་རྣམས་སྤྱི་ཚོགས་ཀྱི་ནང་དུ་གང་འདོད་ལྟར་བཅད་བཏབས་བྱས་ནས་ཁ་ངན་བཤད་པ་དང་སྡིགས་ར་བཏང་བ་དེ་འདྲ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག དེ་འདྲ་རྩ་བ་ནས་མ་གནང་ཞེས་ཞུ་རྒྱུ་ཡིན། དེ་ཚོ་ཕན་ཐོགས་གང་ཡང་ཡོད་མ་རེད། སྤྱི་འཐུས་རྣམས་ནི་མི་མང་གིས་འོས་འདེབས་བྱས་ནས་ཡོང་བ་རེད། མི་མང་དང་འབྲེལ་བ་ཡོད་རེད། བློ་ཉེ་བོ་ཐོག་ནས་འབྲེལ་བ་ཡོད་རེད། དེ་ཧ་གོ་དགོས་ཀྱི་འདུག གྲོས་ཚོགས་ལ་རིན་ཐང་ཞིག་བཞག་དགོས་ཡོད་རེད། མི་མང་ཁ་ཁ་དང་གྲོས་ཚོགས་ཁ་ཁ་ཡོད་པའི་བསམ་བློ་གཏོང་བསྡད་ན་ཡོང་གི་མ་རེད། སྤྱི་འཐུས་རྣམ་པ་དང་མི་མང་གིས་དགོངས་པ་རྒྱ་ཆེན་པོ་བཞེས་རོགས་ཞེས་ཞུ་རྒྱུ་ཡིན། ད་ལྟར་བར་འཛིན་སྐྱོང་དང་སྤྱི་འཐུས་རྣམ་པས་ཧ་ལས་པའི་མཐུན་སྦྱོར་རོགས་རམ་གནང་སོང་། མ་འོངས་པའང་གནང་བའི་རེ་བ་ཞུ་ཡི་ཡོད། ཅེས་སོགས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།