09
Thu, May

ཕྱི་ལོ་༢༠༢༤ ཟླ་༤ ཚེས་༢༥ ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་རྩེད་ཐང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་རྒྱ་གར་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་དེ་དབུ་འབྱེད་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༤ ཚེས་༢༥ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་རྒྱ་གར་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་དེ་དབུ་འབྱེད་གནང་སོང་། སིལ་སྤོལ་རྩེད་འགྲན་གྱི་དགོས་དམིགས་ནི་རང་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་སོགས་ཀྱི་གོ་རྟོགས་གོང་སྤེལ་གཏོང་རྒྱུ་དང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་རང་རིགས་གཞོན་སྐྱེས་རྣམས་མཉམ་ཞུགས་གང་མང་ཡོང་ཐབས་ལ་དམིགས་ཏེ་རང་གི་རྩལ་དང་ནུས་པ་སྤུངས་སའི་སྡིངས་ཆ་མཁོ་སྐྲུན་བྱ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་༩ པའི་ཐོག བཞུགས་སྒར་རྡ་ས་གངས་སྐྱིད་རྩེད་ཐང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་རྡ་ས་ས་གནས་གཞོན་ལྷན་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་རྒྱ་གར་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་དེ་ཟླ་འདིའི་ཚེས་༢༥་ནས་༢༩་བར་རྩེ་རྒྱུའི་དབུ་འབྱེད་མཛད་སྒོ་ཤིག་ཚོགས་སོང་། ཐེངས་འདིའི་སིལ་སྤོལ་རྩེད་འགྲན་ལ་རྒྱ་གར་གྱི་ས་གནས་འདྲ་མིན་ནས་མཉམ་ཞུགས་གནང་མཁན་གྱི་སྐྱེས་པའི་སིལ་སྤོལ་རུ་ཁག་ ༡༢ དང་རྡ་ས་ཁུལ་གྱི་བུད་མེད་རུ་ཁག་ ༤ བཅས་ཁྱོན་རུ་ཁག་ ༡༦ གིས་མཉམ་ཞུགས་གནང་འདུག སྐབས་དེར། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་ཡང་སྲུང་བརྩི་ཞུས་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་རྒྱ་གར་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་ངོ་སྤྲོད་དང་འབྲེལ་ནས་བརྗོད་དོན། ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་རྡ་ས་ས་གནས་གཞོན་ལྷན་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་གྲངས་མེད་སྔོན་དུ་ཕུལ་བའི་སྒོ་ནས་ནང་གཉིས་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རིགས་ཞེན་ལྷག་བསམ་དཀར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་བཅས་བོད་ཕྱི་ནང་གཉིས་ཀྱི་རིགས་རུས་གཅིག་པའི་ཆོལ་གསུམ་བོད་རིགས་སྤུན་རྒྱ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

དམིགས་བསལ་དེ་རིང་གི་ཉིན་མོ་འདི་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བའི་༸ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད་པའི་༸ཀུན་གཟིགས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་སྟབས། གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་ཞུ་རྒྱུ་ཡིན། ཁོང་ནི་དགུང་ལོ་དྲུག་ལ་ཕེབས་མཚམས་ནས་རྒྱ་དམར་སྲིད་གཞུང་གིས་འཛིན་བཟུང་བཙོན་འཇུག་གིས་ད་བར་གར་སོང་ཆ་མེད་དུ་སོང་བ་མ་ཟད། ཆུང་སྲིད་ཁོང་ནི་འཛམ་གླིང་རྒྱལ་སྤྱིའི་ཐོག་ནས་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པས་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་ཁོང་ཉིད་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་མགྱོགས་ནས་མྱུར་དུ་གློད་བཀྲོལ་ཡོང་རྒྱུར་དགོས་འདུན་འདོན་རྒྱུ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་དམར་སྲིད་གཞུང་ལ་མུ་མཐུད་གནོན་ཤུགས་སྤྲད་ཏེ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གདན་ས་བཀྲིས་ལྷུན་པོར་ཞབས་སོར་འཁོད་གནང་ཐུབ་པ་ཡོང་རྒྱུར་རེ་སྨོན་ཞུ་རྒྱུ་ཡིན།

སྤྱིར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མ་དག་བདག་བཟུང་གིས་བོད་དེ་བཙན་བཟུང་བྱས་པ་ནས་བཟུང་བོད་ཕྱི་ནང་གཉིས་ནས་རང་རིགས་ལ་ཞེན་པ་དཀར་བའི་རྒྱལ་གཅེས་པ་ཁྲི་ཚོ་མང་པོས་རང་སྲོག་གློད་བཏང་གིས་དགྲ་བོའི་བཙན་གནོན་ལ་འགོག་རྒོལ་གྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། ཡང་དགོས་ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུ་དུས་དྲན་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་དགོས་འདུན་དོན་ཚན་གསུམ་གྱི་ཐོག་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་དང་། སྐབས་དེའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ནས་རང་གིས་གཅེས་པའི་ལུས་སྲོག་མཆོད་མེར་སྒྲོན་ཏེ་བོད་ཀྱི་གནས་བབ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དགོས་པའི་དགོས་འདུན་བཏོན་གནང་མཛད་ཡོད་པ་དང༌། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཁོང་དགོངས་པ་རྫོགས་པའི་ཡིད་སྐྱོའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དཔའ་བོ་དཔའ་མོའི་ཉིན་མོ་ཞེས་ལོ་ལྟར་དབུས་ས་གཉིས་ནས་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུས་ཏེ་ལས་འགུལ་སྤེལ་མུས་དང་།

རྡ་ས་ས་གནས་གཞོན་ལྷན་ནས་ཀྱང་ད་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་རྩེད་འགྲན་ཐེངས་ ༢༠ ཙམ་གོ་སྒྲིག་ཞུས་ཟིན་པ་ལྟར་འདི་ལོ་ཡང་དབུས་ས་ཟུང་སྦྲེལ་གྱིས་རྒྱ་གར་རྒྱལ་ཡོངས་ཀྱི་སིལ་སྤོལ་རྩེད་འགྲན་ཐེངས་དང་པོ་དང༌། རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་༢༡ པ་གོ་སྒྲིག་ཞུས་ཡོད་། དེའི་དགོས་དམིགས་ནི་གཅིག་ནས་རང་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་སོགས་ཀྱི་གོ་རྟོགས་གོང་སྤེལ་གཏོང་རྒྱུ་དང་། གཉིས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གཙོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་རང་རིགས་གཞོན་སྐྱེས་རྣམས་མཉམ་ཞུགས་གང་མང་ཡོང་ཐབས་ལ་དམིགས་ཏེ་རང་གི་རྩལ་དང་ནུས་པ་སྤུངས་སའི་སྡིངས་ཆ་མཁོ་སྐྲུན་བྱ་རྒྱུ། གསུམ་ནས་རིགས་གཅིག་ཆོལ་གསུམ་སྤུན་ཟླ་ནང་ཁུལ་མཛའ་རྩེའི་དམ་ཚིག་གཅིག་སྒྲིལ་དགོས་གལ་གྱི་བརྡ་ལན་སོགས་གཏོང་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས་གཏམ་བཤད་གནང་སོང་། སྐབས་དེར། ཁོང་གིས་བོད་དོན་འཐབ་རྕོད་ཆེད་ཚང་མས་ཤུགས་སྣོན་རྒྱག་དགོས་པ་དང་། བོད་ནས་ཡོང་བའི་བོད་མི་ཚོས་རང་ཉིད་ཀྱི་ཕ་མ་དང་ནང་མི་བློས་བཏང་ནས་བོད་ཀྱི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་གི་ཡོད་རེད། བཙན་བྱོལ་ནང་དུ་ཡོད་པའི་གཞོན་སྐྱེས་ཚོས་ཤུགས་སྣོན་བརྒྱབས་ན་རང་ཉིད་ཕ་མ་དང་སྤུན་མཆེད་བློས་གཏོང་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་མ་རེད། དེར་བརྟེན་བོད་མི་ཚང་མས་བོད་དོན་ཆེད་ཤུགས་སྣོན་མང་ཙམ་རྒྱག་རོགས་ཞེས་འབོད་སྐུལ་ཞུས་སོང་། མཐའ་མར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྡ་སའི་ས་གནས་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱི་ཐུགས་རྗེ་ཆེའི་གསུང་བཤད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།