03
Fri, May

རྒྱ་དམར་བཙོན་འོག་ཏུ་ལོ་གསུམ་དཀའ་སྡུག་མྱངས་ནས་བཙན་བྱོལ་ལ་བྲོས་འབྱོར་ཡོང་བའི་རྣམ་སྐྱིད་ལགས་ཀྱིས་བཙོན་འོག་ནས་དཀའ་སྡུག་མནར་གཅོད་ཇི་ལྟར་མྱངས་ཡོད་མིན་སྐོར་འགྲེལ་བརྗོད་གནང་བཞིན་པ། པར། བོད་ཀྱི་ཆ་འཕྲིན།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༩ ཉིན། གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། ཉེ་ཆར་བོད་ནས་བཙན་བྱོལ་དུ་བྲོས་འབྱོར་ཡོད་བའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་དམར་གཞུང་གི་བཙོན་འོག་ཏུ་དཀའ་སྡུག་མནར་གཅོད་ཇི་ལྟར་མྱངས་ཡོད་མིན་སྐོར་གསར་འགོད་གསལ་བསྒྲགས་ཤིག་ཚོགས་གནང་སོང་། ཁོ་མོ་དང་བུ་མོ་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་བོད་ལ་ཕེབས་ཏུ་འཇུག་དགོས་པ་དང་བོད་ལ་རང་དབང་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་རྐྱེན། རྒྱ་གཞུང་ཉེན་རྟོག་པས་ཁོ་གཉིས་འཛིན་བཟུང་བྱས་ནས་མི་ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

དེ་ཡང་། ཕྱི་ལོ་༢༠༢༤ ཟླ་ ༤ ཚེས་ ༡༩ ཉིན། གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། ཕྱི་འབྲེལ་ལས་ཁུངས་ཀྱིས་གོ་སྒྲིག་འོག ཕྱི་ལོ་༢༠༢༣་ལོ་ནས་བོད་ནས་བྲོས་འབྱོར་ཡོང་བའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་དམར་གཞུང་གི་བཙོན་གནོན་འོག་དཀའ་སྡུག་མནར་གཅོད་སྐོར་གསར་འགོད་ལྷན་ཚོགས་ཤིག་གནང་སོང་། སྐབས་དེར། ཁོང་མོས་བརྗོད་དོན། ང་དང་ཨ་ཅེ་བསྟན་འཛིན་སྒྲོལ་མ་ངེད་གཉིས་ཀྱིས་ཕྱི་ལོ་༢༠༡༥་ཟླ་༡༠ཚེས་༢༡ཉིན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་བོད་ལ་ཕེབས་ཏུ་འཇུག་དགོས་པ་དང་བོད་ལ་རང་དབང་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་ཡིན། དེར་བརྟེན། རྒྱ་གཞུང་ཉེན་རྟོག་པས་ངེད་གཉིས་འཛིན་བཟུང་བྱས་ནས་མི་ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་སོང་། རྒྱ་དམར་བཙོན་འོག་ཏུ་ཉིན་རྟག་གཅར་རྡུང་དང་ལས་ཀ་ཚད་མེད་བྱས་བཅུག་ནས་མིག་འཕྲོག་བརླག་སོང་འདུག་པ་མ་ཟད། ལུས་ལ་ན་ཚ་འདྲ་མིན་བྱུང་འདུག ཅེས་འགྲེལ་བརྗོད་དང་། དེ་ནས་བཙན་བྱོལ་དུ་བྲོལ་འབྱོར་ཡོང་སྐོརདང་༸གོང་ས་རྒྱལ་བ་རིན་པོ་ཆེ་ཞལ་མཇལ་ནས་དགའ་ཚོར་སྐོར། བོད་ནང་གི་བོད་མི་རྣམས་ཀྱི་དཀའ་སྡུག་དང་རེ་བ། ཆོལ་གསུམ་མཐུན་སྒྲིལ་བྱེད་དགོས་པའི་སྐོར་སོགས་འགྲེལ་བརྗོད་བྱས་སོང་།

བོད་མོ་རྣམ་སྐྱིད་ལགས་ནི་བོད་མདོ་སྨད་རྔ་བ་རྫོང་གཅའ་རོ་ཡུལ་ཚོ་པདྨ་ལྷ་ཐང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་འདུག་པ་དང་། ཆུང་དུས་ནས་ཕ་མ་དང་མཉམ་དུ་འབྲོག་ལས་བྱས་ནས་སློབ་གྲྭ་འགྲོ་བའི་གོ་སྐབས་མ་ཐོབ། འོན་ཅང་། ཆུང་དུས་ནས་ཕ་མ་གཉིས་གཙོ་བོར་གྱུར་བའི་རྒན་པ་རྣམས་ཀྱི་ཞལ་ནས་རྒྱ་ནག་དམར་གཞུང་གིས་དམར་གསོད་འཕྲོག་བཅོམ་བྱས་ཏེ་བོད་བཙན་བཟུང་བྱས་པ་དང་། བོད་མི་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་སོགས་སྐྱེས་ཆེན་དམ་པ་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་དགོས་བྱུང་ཡོད་པ་སོགས་བོད་གངས་ཅན་པའི་ལོ་རྒྱུས་ཡིད་སྐྱོ་བ་མང་པོ་ཞིག་གོ་ཐོས་བྱུང་སྐབས་སེམས་ལ་སྐྱོ་བ་ཚད་མེད་སྐྱེས་ཡོད་འདུག། ནམ་ཞིག་ན་བོད་ལ་རང་དབང་འཐོབ་ཐུབ་པ་དང་། རྩ་བའི་བླ་མའི་ཞལ་མཇལ། གསུང་ཐོས་ཐུབ་པར་སྨོན་ལམ་ཡང་ཡང་བརྒྱབས་འདུག

རྣམ་སྐྱིད་ལགས་ཀྱིས་བརྗོད་དོན། ཕྱི་ལོ་ ༢༠༡༥ ལོ་ཟླ་ ༩ པའི་ཟླ་མཇུག་ཏུ་ང་དང་ངའི་ཕ་མ་སྤུན་གྱི་སྤུན་མཆེད་མ་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་ཕྱུག་འཚོ་ཞོར་དུ་གསང་གྲོས་ཡང་ཡང་བྱས་རྗེས་ངེད་གཉིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་རྒྱུ་ཐག་བཅད་པ་ཡིན། དེ་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༣ ཐོག ངེད་གཉིས་ཀྱིས་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་ལུས་ལ་བོད་ཆས་གཙང་མ་གྱོན་ཞིང་། ལག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་གཉིས་བཟུང་སྟེ། བོད་ལ་རང་དབང་དགོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་ཏུ་བོད་ལ་ཕེབས་ཏུ་འཇུག་དགོས། ཁོང་རྣམ་གཉིས་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན། ཁྲོམ་གཞུང་གི་མི་ཚོགས་དཀྱིལ་དུ་གོམ་བགྲོད་བྱས་པ་ཡིན། སྐབས་དེ་དུས་་ང་རང་ལོ་ ༡༥ དང་ངའི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ ༡༦ རེད།

ཁོང་མོས་མུ་མཐུད་ནས་བརྗོད་དོན། སྐད་འབོད་གོམ་བགྲོད་བྱས་ཏེ་སྐར་མ་༡༠ ཙམ་ཡང་མ་འགོར་བར་རྒྱབ་ལོག་ནས་སྐད་སྒྲ་ཆེན་པོ་ཞིག་གྲགས་པ་དང་ལྷན་དུ་ཉེན་རྟོག་པ་བཞི་ལྔ་ཞིག་གིས་ངེད་གཉིས་ཀྱི་ལག་གི་སྐུ་པར་བཙན་འཕྲོག་བྱས་ཤིང་ཕར་འཐེན་ཚུན་འཐེན་བྱས་ནས་སྐར་མ་ ༣༠ ཙམ་འགོར་སོང་ལ། ཁོང་ཚོས་ཁ་རོག་སྡོད། སྐད་འབོད་མ་བྱེད་ཅེས་མདུན་རྒྱབ་ནས་བཟུང་སྟེ་ས་ལ་མནན་སོང་ཡང་ངེད་གཉིས་ཀྱིས་མུ་མཐུད་གང་ཐུབ་ཀྱིས་སྐད་འབོད་བྱས་པ་ཡིན།དེ་ནས་ལག་པ་གཉིས་རྒྱབ་ལག་བྱས་ཏེ་ལག་ལྕགས་བརྒྱབ་པ་དང་རླངས་འཁོར་ཞིག་གི་ནང་བཅུག་སྟེ་རྔ་བ་རྫོང་གི་བཀག་ཉར་ཁང་དུ་བཙན་འཁྲིད་བྱས་སོང་། ཉིན་དེའི་མཚན་གུང་ཙམ་ལ་རྔ་བ་རྫོང་ནས་འབར་ཁམས་ཀྱི་བཀག་ཉར་ཁང་དུ་འཁྲིད་སོང་། ཉིན་མཚན་དྲུག་ལྷག་རིང་འདྲི་ཞིབ་ཁང་ཆུང་ཆུང་ཞིག་གི་ནང་དུ་ཚ་གློག་ཚད་ལས་བརྒལ་བ་བཏང་སྟེ། འདྲི་རྩད་པ་རེས་མོས་བྱས་ནས་ངོ་རྒོལ་སྐད་འབོད་བྱེད་པར་སུས་སྐུལ་མ་བཏང་བ་དང་། དང་པོ་སུས་གྲོས་མགོ་བཏོན་པ། ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་གང་ནས་རག་པ། ཕྱི་ལོགས་ན་ངོ་ཤེས་ཡོད་མེད་སོགས་དྲི་བ་སྣ་ཚོགས་དྲིས་སོང་། སྐབས་དེར། ངས་ང་ལ་སྐུལ་མ་བྱེད་མཁན་སུ་ཡང་མེད་། ངས་རང་ངོས་ནས་ངོ་རྒོལ་བྱས་པ་ཡིན། ང་ཚོ་བོད་མི་རེ་བ་དང་འདོད་པ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་ཏུ་བོད་ལ་ཕེབས་རྒྱུ་དེ་རེད་ཅེས་བརྗོད་པ་ཡིན། དེ་ནས་ཁོ་ཚོས་ང་ལ་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན། ཁྱེད་གཉིས་ཀྱི་ཉེས་པ་ཧ་ཅང་ཚབས་ཆེན་ཡིན་པ་ཤེས་ཀྱི་ཡོད་དམ་ཞེས་སྐྲ་ནས་འཇུས་ཏེ་འགྲམ་ལྕག་དང་རྡོག་ཐོས་གཞུས་པ་སོགས་གཅར་རྡུང་རྒྱུན་མི་ཆད་པར་བཏང་བ་མ་ཟད། ཟས་བཅད་གཉིད་བཅགས་པ་དེས་མགྱོགས་པོར་ཤི་སོང་ན་དགའ་བ་ལ་བསམ་པའི་ཚོར་བ་ཡང་ཡང་བྱུང་། ཡང་མཚམས་རེར་འཇམ་པོའི་ཟོལ་གྱིས་ཁྱེད་རང་གཉིས་ཀྱིས་དྲང་པོ་བཤད་ན་ཉེས་པ་ཆུང་དུ་འགྲོ་བ་མ་ཟད། གང་མགྱོགས་ཀློད་གྲོལ་ཡང་གཏང་སྲིད་པ་ཡིན་སྐོར་སོགས་བཤད་ཀྱི་འདུག ཡིན་ནའང་། ངེད་གཉིས་ཀྱིས་རང་ཐག་རང་གཅོད་ཀྱིས་ཞི་བའི་ལས་འགུལ་དེ་སྤེལ་བ་ལས་སུ་གང་གིས་སྐུལ་མ་བྱས་མེད་ལ། ཁྱིམ་མིས་ཀྱང་གནས་ཚུལ་དེ་གང་ཡང་ཤེས་ཀྱི་མེད་པ་གསལ་པོ་བཤད་པ་ཡིན། དེ་ནས་ཁོ་ཚོས་ཁྱོད་ཚོས་རྒྱལ་ཁབ(རྒྱ་ནག)་ལ་བཀས་དྲིན་ཚོར་དགོས་རེད་ཅེས་བཤད་ཀྱི་འདུག ངས་ཁོ་ཚོར་ང་ཚོའི་རྒྱབ་ཀྱི་གོས་དང་ཁ་ཡི་ཟས་ཕ་མ་གཉིས་ཀྱི་སྤྲོད་ཀྱི་འདུག རྒྱལ་ཁབ་ཀྱི་གང་ཡང་སྤྲོད་ཀྱི་མིན་འདུག ངས་ག་རེ་བྱས་ནས་རྒྱལ་ཁབ་ལ་བཀའ་དྲིན་ཞུ་དགོས་རེད་ལབ་པ་ཡིན་པ། དེ་ནས་ངེད་གཉིས་བཀྲ་ཤིས་རྒྱལ་ཁ་གླིང་རྫོང་གི་བཀག་ཉར་ཁང་དུ་ཟླ་བདུན་ལྷག་བཅུག་པ་བཅས་ལོ་གཅིག་དང་ཟླ་གཅིག་ཙམ་འགོར།

འདྲི་རྩད་སྣ་ཚོགས་དང་གཅར་རྡུང་བྱས་བྱས་རྗེས། མཐའ་ཕྱི་ལོ་༢༠༡༦ ཟླ་ ༡༡ ཚེས་༢༣ ཉིན། ཁྲོ་ཆུ་རྫོང་མི་མང་ཁྲིམས་ཁང་གིས། ང་དང་སྤུན་མཆེད་མ་ཁྲིམས་རར་འཁྲིད་དེ་དངོས་སུ་ཁྲིམས་བཤེར་བྱས་སོང་། ཉི་མ་དེ་ནི་ངེད་གཉིས་འཛིན་བཟུང་བྱས་རྗེས་ཕན་ཚུན་མཐོང་བ་དང་པོ་ཡིན། ཁྲིམས་རའི་ནང་ངེད་གཉིས་ཀྱི་ཕ་མ་སྤུན་མཆེད་སོགས་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། གཞུང་གིས་ཆེད་བསྐོས་བྱས་པའི་ཁྲིམས་རྩོད་པ་བོད་པའི་བུ་མོ་ཞིག་དང་རྒྱ་མོ་ཞིག་འདུག ཁོ་ཚོས་ངེད་གཉིས་ལ་"རྒྱལ་ཁབ་ལ་ངོ་ལོག་བྱས་ཏེ་ཁ་བྲལ་བའི་བྱ་ངན་བསྒྲུབས་པ་དང་། ཏཱ་ལའི་ཁ་བྲལ་བར་དད་གུས་བྱས་པ་"ཟེར་བའི་ཉེས་མིང་འོག་ངེད་གཉིས་ལ་ལོ་ ༣ རེའི་བཙོན་འཇུག་ཁྲིམས་ཐག་བཅད་སོང་། དེ་དུས་ང་དང་ངའི་ ༡༦ དང་བསྟན་འཛིན་སྒྲོལ་མ་ལོ་༡༧་རེད། འོན་ཀྱང་། རྒྱ་གཞུང་གིས་ངེད་གཉིས་ལོ་༡༨་བཟོས་འདུག དེ་ནས་སི་ཁྲོན་གྱི་གྲངས་ཉུང་མི་རིགས་ཀྱི་བཙོན་ཁང་ཞིག་ཏུ་འཁྲིད་སོང་། དེའི་རྗེས་ཆུ་ཚོད་ཕྱེད་ཀ་ཙམ་ལས་མ་འགོར་བར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་བུད་མེད་ཀྱི་བཙོན་ར་ཆེ་ཤོས(四川省女子监狱简阳市养马镇)ནང་འཁྲིད་སོང་། ངེད་གཉིས་ཀྱི་སྔོན་དུ་བཙོན་ཁང་དེར་བོད་པའི་བུད་མེད་གཉིས་བཙོན་འཇུག་བྱས་མྱོང་ཡོད་རེད་ཟེར་གྱི་འདུག་ཀྱང་། སྐབས་དེར་ཁྱོན་བཙོན་པ་ ༦༠༠༠ ལྷག་ཙམ་ཡོད་པའི་ནང་བོད་རིགས་ངེད་གཉིས་མ་གཏོགས་མི་འདུག བཙོན་ཁང་དུ་ཐོག་མའི་ཟླ་གསུམ་རིང་དམག་སྦྱོང་དང་བཙོན་ཁང་གི་འཚོ་བ་སྐྱེལ་སྟངས་སོགས་སྦྱོང་བརྡར་བྱེད་དགོས་འདུག དེ་ནས་རྩ་ཁྲིམས་དང་བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་ཟེར་བ་སོགས་ཀྱི་རྒྱ་ཡིག་གི་ཡིག་ཆ་མང་པོར་སློབ་སྦྱོང་བྱས་བཅུག་ནས་ངག་རྒྱུགས་བཏང་དགོས་འདུག ཟླ་གསུམ་གྱི་རྗེས་སུ་ཉིན་ལྟར་ངས་ངལ་རྩོལ་ཁང་དུ་ཟངས་སྐུད་བཟོས་པ་དང་། ངའི་སྤུན་མཆེད་མས་དང་པོ་ཐ་མག་གི་ཤུབས་བཟོས་པ་དང་དེ་ནས་ཆུ་ཚོད་བཟོ་བའི་ལས་ཀ་བྱས་བཅུག་སོང་། སྐབས་དེར། བཙོན་ཁང་གི་ལས་བྱེད་རྒྱ་མོ་རྒྱག་པ་ཞིག་ཡོད་རེད། མོ་ང་ལ་རྟག་པ་རྣམ་འགྱུར་ཡག་པོ་མི་འདུག་ལབ་ནས་གཅར་རྡུང་དང་མཚམས་མཚམས་ལས་ཀ་ཐལ་བ་བྱེད་བཅུག་པ་དང་གོས་འཁྲུག་བཅུག་པ་སོགས་སྡུག་པོ་མང་པོ་བཏང་སོང་།

བཙོན་ཁང་ནང་གི་ཟས་ནི་བཅུད་མེད་པ་རྐྱང་རེད། དཔེར་ན། ཞོགས་པ་འབྲས་ཐུག་ཆུ་འདྲ་བ་ཞིག་སྤྲོད་ཀྱི་ཡོད་འདུག ཟས་ཡག་པོ་དེ་ཚོ་བཙོན་ཁང་གི་ལས་བྱེད་རྣམས་ཀྱིས་ཟས་ནས་ཟས་ལྷག་དེ་ཚོ་ང་ཚོར་སྤྲོད་ཀྱི་འདུག ཉིན་གཅིག་ལ་ཟ་མ་ཐེངས་གཉིས་མ་གཏོགས་མི་འདུག མཚམས་མཚམས་དུས་ཚོད་ཡང་ཏག་ཏག་སྤྲད་ཀྱི་མི་འདུག དེར་བརྟེན། གྲོད་ཁོག་ཧ་ཅང་ལྟོགས་ཀྱི་འདུག ཁྱིམ་མིས་ཟ་མ་དང་གྱོན་གོས་གང་ཡག་རེ་བཙོན་ཁང་དུ་བསྐྱལ་འདུག་ཀྱང་ངེད་གཉིས་ལག་ཏུ་འབྱོར་མ་སོང་། དགུན་དུས་སུ་ཉལ་ཆས་གྱོན་གོས་སྲབ་དྲག་ནས་གྲང་ངར་ཆེ་བ། མི་རིགས་མི་འདྲ་བའི་མཐོང་ཆུང་དང་དབྱེ་འབྱེད་བྱེད་པ་སོགས་དཀའ་སྡུག་གང་མང་མྱངས་བ་མ་ཟད། དང་ཐོག་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་ཡང་ཆེ་ཙམ་བྱུང་།

དེ་ནས་ཕྱི་ལོ་༢༠༡༨ ཟླ་ ༡༠ ཚེས་ ༢༡ཉིན། ངེད་གཉིས་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་རྗེས་རྔ་བ་རྫོང་པདྨ་ལྷ་ཐང་མངག་གཏོང་ཁང་དུ་བདུན་ཕྲག་གཅིག་རིང་བཞག་སྟེ། ཁྱིམ་མིར་ཁག་ཐེག་ཡི་གེ་འབྲི་རུ་བཅུག་པ་མ་ཟད།ངའི་ཕུ་བོ་ཡང་བཙོན་ཁང་དུ་ཡོད་པས་ངེད་ཚང་ཁྱིམ་ཐོ་ནག་པོའི་ནང་བཅུག་ཡོད་པ་རེད། ངེད་གཉིས་ཀློད་གྲོལ་ཐོབ་རྗེས་ཀྱང་ལྟ་རྟོག་འོག་བཞག་ནས་འགྲོ་འདུག་ལ་རང་དབང་གཏན་ནས་མེད་པ་དང་། ཐ་ན་མི་ཞིག་ལ་ཐུག་དགོས་ཀྱང་འཛེམ་དོགས་དགོས་པ་སོགས་དཀའ་ངལ་མུ་མཐུད་དུ་འཕྲད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་༥ ཚེས་༡༣ ཉིན་ངའི་ཨ་ནེ་ཚེ་རིང་སྐྱིད་དང་ལྷན་དུ་ཁྱིམ་མི་སོགས་སུ་གང་ལའང་ཤེས་སུ་མ་བཅུག་པར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༥་ཚེས་ ༢༧ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཐུབ་པ་བྱུང་། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་སོང་། དེ་ནས་༸རྒྱལ་བ་རིན་པོ་ཆེ་མཇལ་བའི་སྐལ་བ་ཐོབ་སོང་། དགའ་ཚོར་ཧ་ཅང་སྐྱེས་སོང་།

ངེད་གཉིས་བཙན་བྱོལ་སླེབས་དུས། བཙན་བྱོལ་ནང་དུ་བོད་ཆོལ་ཁ་གསུམ་དབར་རྩོད་བཞིན་པའི་གནས་ཚུལ་གོ་སོང་། སེམས་པ་ཧ་ཅང་སྐྱོ་སོང་། བོད་ནང་གི་བོད་མི་ཚོ་དང་དམིགས་བསལ་རང་ལུས་མེར་བསྲེགས་གནང་མཁན་དང་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་ཚོས་བོད་ཆོལ་ཁ་གསུམ་གྱི་བདེ་སྡུག་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་རེད་མ་གཏོགས། ཆོལ་ཁ་རེ་རེའི་ཆེད་དུ་ངོ་རྒོལ་བྱེད་ཀྱི་ཡོད་མ་རེད། དེ་བཞིན་རྒྱ་གཞུང་གིས་ཁྱོད་དབུས་གཙང་ནས་རེད་དང་ཁྱོད་ཨ་མདོ་ནས་རེད་ཟེར་ནས་དབྱེར་བ་བྱས་ནས་མནར་གཅོད་ཉུང་བ་དང་མང་བ་བཏང་གི་མེད། ཁོ་ཚོ་བོད་པ་རེད་ཟེར་ནས་རྡུང་རྡེག་ཚད་མེད་བཏང་དང་གཏོང་བཞིན་པ་རེད། དེར་བརྟེན། སྐུ་མཁྱེན་ཆོལ་ཁ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་རོགས། ༸རྒྱལ་ས་རིན་པོ་ཆེ་དང་བཙན་བྱོལ་བོད་མི་ནི་བོད་ནང་གི་བོད་མི་ཚོའི་རེ་བ་དེ་ཡིན། ཞེས་མིག་ཆུ་གཏོང་ཞོར་འབོད་སྐུལ་ཞུས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།