04
Sat, May

ཕྱི་ལོ་༢༠༢༣ ཟླ ༡༠ ཚེས་༢༩ ཉིན། སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞི་ཐོག་ནས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་དབུ་འཛུགས་གནང་སྐབས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དབུ་འབྱེད་གསུང་བཤད་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ ༡༠ ཚེས་༢༩ ཉིན། རྡ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག ནང་པའི་མཁས་པ་དང་རྒྱ་གར་ལྟ་གྲུབ་མཁས་པ་དེ་བཞིན་ཕྱི་རྒྱལ་གྱི་ཚན་རིག་པ་ཁག་གི་དབར་བརྗོད་གཞི་འདིའི་ཐོག་གཏམ་བཤད་དང་གླེང་མོལ་བྱེད་བཞིན་འདུག སྐབས་དེར། ཚོགས་བཅར་ཞིག་གིས་སྣང་ཚུལ་དང་གནས་ཚུལ་མ་མཐུན་པར་བརྟེན་ནས་སྤྱི་ཚོགས་ནང་དུ་དཀའ་ངལ་མང་པོ་ཞིག་འབྱུང་གི་ཡོད། དེར་བརྟེན། སྣང་ཚུལ་དང་གནས་ཚུལ་རྟོགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་ནས་བགྲོ་གླེང་ཞུགས་དགོས་པའི་དགོས་དམིགས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩།༣༠ ཐོག བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་ཚོགས་ཁང་དུ། སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞི་ཐོག་ནས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་། བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྟེང་དུ། སྐུ་མགྲོན་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དགེ་འདུན་པའི་ཆེད་དུ་ཚན་རིག་སྣེ་ཁྲིད་མཁན་གྱི་འགན་འཛིན་ཀརྨ་ཐུབ་བསྟན་ལགས་བཅས་རེད་འདུག བགྲོ་གླེང་འདིའི་གཏམ་བཤད་གནང་མཁན་བེར་ཀེ་ལེ་གཙུག་ལག་སློབ་གཉེན་ཁང་གི་དབང་རྩ་ཚན་རིག་སློབ་དཔོན་ཆེན་པོ་ཌ་ཝིད་པེ་སི་ཝ་ཊི་(David Presti)་ལགས་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་བློ་གྲོས་བཟང་པོ་ལགས། ཨ་ཤོག་ཀ་གཙུག་ལག་སློབ་གཉེར་ཁང༌གི་ཀི་རན་ཏི་སཱ་རན་(Kranti Saran)ལགས། སེ་ར་བྱས་གྲྭ་ཚང་གི་དགེ་བཤེས་ཐབས་མཁས་བློ་གྲོས་ལགས། སེ་ཡོལ་མི་རིགས་སློབ་གྲྭ་ཆེན་མོའི་བསྟན་འཛིན་རབ་དགའ་ལགས། ཝཱར་ནཱ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན། ནང་པའི་ཉམས་ཞིབ་པ་ཧཱར་ཤ་ནཱ་གར་ཇུ་ན་(Harsha Tsering Nagaraju)། བཅས་ཡིན་འདུག ཚོགས་བཅར་བ་ནི་དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ། དགེ་བཤེས་དང་དགེ་བཤེས་མ། སློབ་གྲྭ་ཁག་གི་སློབ་ཕྲུག ན་གཞོན་ཤེས་ཡོན་པ། ཕྱི་རྒྱལ་གྱི་སློབ་གཉེར་བ་སོགས་ཁྱོན་མི་གྲངས་༣༠༠་ལྷག་མཉམ་ཞུགས་གནང་འདུག

བགྲོ་གླེང་སྐབས་གཏམ་བཤད་བྱེད་མཁན་དང་མཉམ་དུ་དགོན་སྡེ་ཁག་བཅོ་ལྔ་ཙམ་ནས་ཕེབས་པའི་དགེ་འདུན་པ་སུམ་ཅུ་སོ་གཉིས་ནས་ཚན་རིག་པ་ཚོ་དང་ཐེངས་དང་པོར་མཉམ་ཞུགས་ཀྱི་གྲོས་མོལ་གནང་གི་ཡོད་པ་དང་། ཚོགས་འདུ་འདིའི་སྔོན་འགྲོའི་ཚུལ་དུ་བདུག་ཕྲག་གསུམ་རིང་དངོས་ཁམས་དང་དབང་རྩའི་ཚན་རིག་དགེ་རྒན་འདྲ་མིན་ནས་ཁོང་ཚོར་ཚན་རིག་སློབ་ཁྲིད་གནང་ཡོད་འདུག བགྲོ་གླེང་ཐེངས་བརྒྱད་པ་ནི་ཟླ་བ་འདིའི་ཚེས་༢༩ དང་༣༠ བཅས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་དུ་འཚོགས་རྒྱུ་ཡིན་འདུག

ཐོག་མར། དགེ་བཤེས་ལྷག་རྡོར་ལགས་ཀྱིས་བགྲོ་གླེང་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པའི་ངོ་སྤྲོད་དང་ལོ་རྒྱུས་སྐོར་གསུང་དོན། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་ལས་གཞི་དགེ་འདུན་པའི་ཆེད་དུ་ཚན་རིག་སྡེ་ཚན་གྱིས་གོ་སྒྲིག་གནང་ཡོད་པ་དང་། ཨ་རིར་གཏན་གཞི་བྱེད་པའི་ཇཱོན་ཊེམ་པེལ་ཊན་ཐེབས་རྩ་དང། སེ་སྒར་ཁྱིམ་ཚན་ཐེབས་རྩ་གཉིས་ཀྱི་རོགས་དངུས་ཕྱག་རོགས་གནང་ཡོད། ལས་གཞི་འདི་ལོ་ངོ་ཉི་ཤུ་རྩ་གསུམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་འོག་བོད་ཀྱི་གྲྭ་བཙུན་ཚོར་ཚན་རིག་སྦྱོང་བརྡར་བྱེད་བཞིན་ཡོད། ཅེས་ངོ་སྤྲོད་དང་དེའི་ལོ་རྒྱུས་སྐོར་གསུངས་སོང་།

དེ་རྗེས། དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ལག་བསྟར་འགན་འཛིན་ཀརྨ་བསྟན་འཛིན་ལགས་ཀྱིས་བརྗོད་དོན། བགྲོ་གླེང་འདིའི་བརྒྱུད་ནས་ནང་པའི་མཁས་པ་དང་ནུབ་ཕྱོགས་ཀྱི་མཁས་དབང་དབར་ལ་ནང་ཆོས་དང་ཚན་རིག་གཉིས་ཀའི་ཐོག་ནས་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་། དེ་ནས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སྣང་ཚུལ་དང་གནས་ཚུལ་ལྟ་བུའི་བརྗོད་གཞི་གཏིང་ཟབ་ཡིན་རུང་བགྲོ་གླེང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་བགྲོ་གླེང་འདི་བརྒྱུད་ནས་མི་མང་པོ་ཞིག་ལ་ཕན་ཐོགས་པའི་རེ་བ་ཡོད་ཅེས་གསུངས་སོང་།

དེ་ནས་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སྐབས་ཚན་རིག་དང་ནང་ཆོས་དབར་གྱི་བགྲོ་གླེང་འདི་ལྟ་བུ་ནི་༸གོང་ས་མཆོག་གི་མཛད་འཕྲིན་ནང་ནས་གལ་ཆེ་ཤོས་ཤིག་ཡིན་པ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་མུ་མཐུད་ནས་དེའི་ཐོག་ལ་ཟབ་སྦྱོང་དང་བགྲོ་གླེང་གོ་སྒྲིག་གནང་བཞིན་ཡོད་སྐོར་དང་། དགེ་འདུན་པ་དང་བཙུན་མ། དེ་བཞིན་གཞོན་སྐྱེས་ཚོས་བགླེ་གླེང་འདི་ནང་འཛུལ་ཞུགས་བྱེད་པར་བསྔགས་བརྗོད་དང་། ཚན་རིག་དང་ནང་ཆོས་གཉིས་ཀའི་ཐོག་གོ་རྟོགས་བྱུང་ན་ཡག་པོ་ཡོད་སྐོར་དང་། དེ་བཞིན་ཁོང་སྔོན་མར་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྗེ་ཀི་ཤིར་ན་མུར་ཏི་མཆོག་དང་ལྷན་དུ་བགྲོ་གླེང་གནང་མྱོང་སྐོར་སོགས་ཀྱི་སྐོར་གསུངས་སོང་།

བགྲོ་གླེང་གོ་སྒྲིག་གནང་མཁན་གྱིས་འགྲེལ་བརྗོད་གནང་དོན། སྣང་ཚུལ་དང་གནས་ཚུལ་གྱི་དཀའ་གནད་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་མཚོན་པའི་ལྟ་གྲུབ་ཀྱི་གཞུང་ལུགས་ཁག་ཏུ་བགྲོ་གླེང་རྒྱུན་དུ་བྱེད་བཞིན་པའི་བརྗོད་གཞི་ཙམ་མ་ཟད་དེང་དུས་ཚན་རིག་གི་བརྗོད་བྱ་གཙོ་བོ་ཞིག་ཀྱང་ཆགས་ཡོད་འདུག ད་ལྟའི་བགྲོ་གླེང་སྐབས་ནང་པ་སངས་རྒྱས་པའི་ལྟ་གྲུབ་སྤྱི་དང་། ལྷག་པར་རྟེན་འབྱུང་དང་བདེན་གཉིས་ཀྱི་རྣམ་གཞག་གཞི་ལ་བཞག་སྟེ་ཚད་རྡུལ་དངོས་རིག་དང་དབང་རྩ་རིག་པའི་རྙེད་དོན་ཁག་དང་མཚུངས་བསྡུར་གྱི་ཐོག་ནས་སྣང་ཚུལ་དང་གནས་ཚུལ་གྱི་དཀའ་གནད་སྐོར་གྲོལ་མོལ་གཏིང་ཟབ་བྱེད་རྒྱུ་ཡིན ང་ཚོས་ཤེས་ཡོན་གྱི་རྒྱབ་ལྗོངས་འདྲ་མིན་ཡོད་པའི་མཁས་དབང་དང་། ཉམས་ལེན་པ་མང་དག་ཅིག་མཉམ་འཛོམས་ཀྱི་ཐོག་ནས་ཐམས་ཅད་གཅིག་ཏུ་འཛིངས་པའི་སྣང་ཚུལ་དང་གནས་ཚུལ་གྱི་རང་བཞིན་ལ་བསམ་གཞིག་དང་གྲོས་མོལ་གྱི་གོ་སྐབས་སྐྲུན་རྒྱུ་གལ་ཆེ་ཡིན་པ་བསམ་བཞིན་ཡོད། ཅེས་དང་།

གཞི་བདེན་པ་གཉིས་ཀྱི་གནས་ལུགས་ཀྱི་ཐོག་ནས་ནང་པ་སངས་རྒྱས་པ་ཚོས་མི་ལོ་ཉིས་སྟོང་ལྷག་གི་རིང་སྣང་ཚུལ་དང་གནས་ཚུལ་གྱི་འགལ་སྣང་དང་དེ་ལས་བྱུང་བའི་ལོག་རྟོག་སྐོར་བགྲོ་གླེང་བྱས་དང་བྱེད་བཞིན་ཡོད་ལ། དེང་སྐབས་ཚད་རྡུལ་འཛིངས་འཁྲིལ་དང་རྩེག་སྣོལ་སོགས་དངོས་ཁམས་རིག་གི་རྙེད་དོན་མང་པོས་དངོས་པོའི་གནས་ལུགས་ཐོག་འཛིན་པའི་ང་ཚོའི་སྤྱི་སྟངས་ཀྱི་ལྟ་ཚུལ་མང་པོ་ཞིག་ལ་བཅོས་བསྒྱུར་གཏོང་བཞིན་ཡོད་པ་མ་ཟད་དབང་རྩ་ཚན་རིག་ནང་ལ་ཡང་སེམས་ཀྱི་རང་བཞིན་དང་དེས་ཡུལ་འཛིན་ཚུལ་ཐད་གསང་བའི་གནས་ཚུལ་མང་པོ་ཞིག་གསར་རྙེད་བྱུང་དང་འབྱུང་བཞིན་ཡོད། དེར་བརྟེན་སྣང་ཚུལ་དང་གནས་ཚུལ་གྱི་འགྲོ་ལུགས་ཤེས་རྟོགས་བྱེད་རྒྱུ་ནི་ངེད་ཚོའི་ཤེས་རབ་གོང་ཏུ་གཏོང་བ་ཙམ་མིན་པར་འགྲོ་བ་མིའི་བདེ་ཐབས་དང་གང་ཟག་སྒེར་གྱི་བདེ་སྐྱིད་ལ་ཕན་ཐོགས་ངེས་ཅན་ཡོད་པ་འདོད་ཀྱི་ཡོད་པ་བཅས་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་འདིའི་ལོ་རྒྱུས་སྐོར་ནས་བརྗོད་དོན། འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བརྗོད་གཞིའི་འོག་ཚོགས་འདུ་ཐེངས་དང་པོ་དེ་སྤྱི་ལོ་༢༠༡༡ དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་གོ་སྒྲིག་བྱས་པ་དང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་འབྱེད་དང་བཀའ་སློབ་ལམ་སྟོན་ཐོབ་པའི་སྐལ་བཟང་གོ་སྐབས་བྱུང་ཡོད། ཚོགས་འདུ་ཐེངས་གཉིས་པ་དེ་ཤེས་རྟོགས་དང་ལག་ལེན་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་ ༢༠༡༣ ལོར་དྷེ་ར་ཌུན་སྲོང་བཙན་དཔེ་མཛོད་ཁང་དུ་གོ་སྒྲིག་ཞུས་པ་དང། ཚོགས་འདུ་ཐེངས་གསུམ་པ་བདེ་སྐྱིད་དང་མཐུན་སྒྲིག་ཅེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་ ༢༠༡༤ ལོར་སླར་ཡང་དྷ་རམ་ས་ལར་གོ་སྒྲིག་བྱུང་ཡོད། ཚོགས་འདུ་ཐེངས་བཞི་པ་དེ་ ༢༠༡༥ རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་རྣམ་གྲོལ་གླིང་དུ་ཚད་རྡུལ་དངོས་ཁམས་རིག་པ་དང་སྟོང་ཉིད་ཅེས་པའི་བརྗོད་གཞིའི་ཐོག་གོ་སྒྲིག་བྱས་པ་དང། ༢༠༡༦ ནང་ཚོགས་འདུ་ཐེངས་ལྔ་པ་དེ་སེམས་ཚོར་སྟངས་འཛིན་དང་བཅོས་བསྒྱུར་ཞེས་པའི་བརྗོད་གཞིའི་ཐོག་གདན་ས་ཆེན་པོ་དཔལ་སྤུངས་ཤེས་རབ་གླིང་དུ་ཚོགས་པ་དང། ཚོགས་འདུ་ཐེངས་དྲུག་པ་སྙིང་རྗེ། དགེ་བ་དང་གཤིས་སྤྱོད་ཞེས་པའི་བརྗོད་གཞིའི་ཐོག་ ༢༠༡༧ ནང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་གོ་སྒྲིག་བྱས། ཚོགས་འདུ་ཐེངས་བདུན་པ་ལྟ་ཞིབ་དང་གནས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་ ༢༠༡༨ ལོར་སྒང་ཏོག་འབྲས་ལྗོངས་སུ་ཅིན་ཏན་སྦ་ཝན་ཚོགས་ཁང་དུ་ཚོགས་ཐུབ་པ་བྱུང་ཡོད་པ་བཅས་བགྲོ་གླེང་རིམ་བྱུང་གི་ལོ་རྒྱུས་སྙིང་བསྡུས་ཙམ་ཡིན། ཅེས་གསུངས་སོང་།

ཚོགས་བཅར་པ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་བརྗོད་དོན། སྣང་ཚུལ་དང་གནས་ཚུལ་འདི་ལྟ་བའི་བགྲོ་གླེང་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དཀའ་ངལ་མང་པོ་ཞིག་ཕྱིའི་སྣང་ཚུལ་དང་དངོས་ཡོད་གནས་ཚུལ་མ་མཐུན་པར་བརྟེན་ནས་འབྱུང་གི་ཡོད། ང་ཚོ་ཚང་མས་སྣང་ཚུལ་དང་གནས་ཚུལ་ལེགས་པོ་རྟོགས་དགོས་པ་གལ་ཆེན་པོ་རེད། དེ་ཇི་ལྟར་རྟོགས་ཐབས་བྱེད་དགོས་ཟེར་ན་རང་ཉིད་དངོས་སུ་ཉམས་ཞིབ་བྱས་ནས་རྟོགས་དགོས། ང་ཚོས་གང་མཐོང་བ་དང་གང་ཉན་པ་དེ་སྣང་བ་དང་སྣང་ཚུལ་ཡིན་པ་ལས་དོན་དངོས་སམ་གནས་ཚུལ་དེ་ཡིན་པ་ཁྱབ་ཀྱི་མེད། དེར་བརྟེན། རང་ཉིད་ངོས་ནས་སྣང་ཚུལ་དེ་གནས་ཚུལ་ལམ་དོན་དངོས་གང་ཡིན་པར་རྟོག་ཞིབ་བམ་ཉམས་ཞིབ་བྱེད་དགོས། ཞེས་གསུངས་སོང་།

ཉིན་གཉིས་རིང་། བེར་ཀེ་ལེ་གཙུག་ལག་སློབ་གཉེན་ཁང་གི་དབང་རྩ་ཚན་རིག་སློབ་དཔོན་ཆེན་པོ་ཌ་ཝིད་པེ་སི་ཝ་ཊི་(David Presti)་ལགས་ཀྱིས་དབང་རྩ་ཚན་རིག་དང་ལྟ་ཚུལ་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་བློ་གྲོས་བཟང་པོ་ལགས་ཀྱིས་བློའི་འཛིན་ཚུལ་དང་གནས་ལུགས་བར་གྱི་ཁྱད་པར་ཐད་ནང་པའི་ལྟ་ཚུལ། དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི། ཨ་ཤོག་ཀ་གཙུག་ལག་སློབ་གཉེར་ཁང༌གི་ཀི་རན་ཏི་སཱ་རན་(Kranti Saran)ལགས་ཀྱིས་སྣང་ཚུལ་གྱི་ཐོག་ནས་གནས་ཚུལ་འཇལ་པའི་དགོས་དམིགས། སེ་ར་བྱས་གྲྭ་ཚང་གི་དགེ་བཤེས་ཐབས་མཁས་བློ་གྲོས་ལགས་ཀྱིས་ཚད་རྡུལ་གྱི་ལྟ་བས་བདག་འཛིན་ཆུང་དུ་གཏོང་ཐུབ་བམ། སེ་ཡོལ་མི་རིགས་སློབ་གྲྭ་ཆེན་མོའི་བསྟན་འཛིན་རབ་དགའ་ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པ་དང་སྣང་གནས་བར་གྱི་འགལ་བ། ཝཱར་ནཱ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་སྣང་ཚུལ་དང་གནས་ཚུལ་བར་གྱི་སྟོང་ཆ་སེལ་བ་ནི་ནང་པའི་ལྟ་གྲུབ་དང་ཆོས་ཀྱི་རྨང་གཞིའོ། ནང་པའི་ཉམས་ཞིབ་པ་ཧཱར་ཤ་ནཱ་གར་ཇུ་ན་(Harsha Tsering Nagaraju)་ལགས་ཀྱིས་གནའ་བོའི་རྒྱ་གར་ལྟ་གྲུབ་ནང་བཤད་པའི་ཚད་མ་དང་མངོན་སུམ་སྐོར་གྱི་བརྗོད་གཞི་ཐོག་ནས་གཏམ་བཤད་གནང་བཞིན་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།