28
Sun, Apr

ཕྱི་ལོ་༢༠༢༣ ཟླ་༩ ཚེས་༡༤ ཉིན། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། རིན་སྨོན་ཚེ་རིང་བསམ་གྲུབ་ལགས་བཅས་ཀྱིས་༼ བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། ༽ཞེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༩ ཚེས་༡༤ ཉིན། བཞུགས་སྒར་རྡ་ས་གངས་སྐྱིད་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། རིན་སྨོན་ཚེ་རིང་བསམ་གྲུབ་ལགས་བཅས་ཀྱིས་༼ བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། ༽ཞེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་གནང་སོང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉིན་གཉིས་རིང་༸རྒྱལ་མཆོག་བཅུ་གསུམ་པ་ཐེངས་གཉིས་ལ་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ་ལ་ཞིབ་ལྟ་དང་། ༼ སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ། ༽ལས་འཕྲོས་ཏེ་དགའ་ལྡན་ཕོ་བྲང་དང་ཧོན་ཤོད་རྒྱལ་ཁང་ཟེར་བའི་གནས་བབ་ལ་དཔྱད་པ། གཞུང་དགའ་ལྡན་ཕོ་བྲང་གི་དུས་ཀྱི་དགེ་ལུགས་པའི་དགོན་སྡེའི་མ་ལག་གྲུབ་ཚུལ་གྱི་འགྱུར་ལྡོག་གླེང་བ་བཅས་ཀྱི་བརྗོད་གཞི་ཐོག་ནས་འཆད་ཁྲིད་གནང་རྒྱུ་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩།༣༠ ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ༼ བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། ༽ཞེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། རིན་སྨོན་ཚེ་རིང་བསམ་གྲུབ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྒན་བསོད་ནམས་རྒྱལ་མཚན་ལགས། རྒན་གཙང་ཕྲུག་སྟོབས་ལགས། བུམ་རབས་པ་གཉན་ཐར་ལགས། གཞན་ཚོགས་བཅར་ཉི་ཤུ་ལྷག་ཕེབས་འདུག དེ་ནས་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་འགན་འཛིན་ཟླ་བ་ཚེ་རིང་ལགས། དེ་བཞིན་རིན་སྨོན་ཚེ་རིང་བསམ་གྲུབ་ལགས་བཅས་ཀྱིས་༼ བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། ༽ཞེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་གནང་སོང་།

གཞན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉིན་གཉིས་རིང་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༸རྒྱལ་མཆོག་བཅུ་གསུམ་པ་ཐེངས་གཉིས་ལ་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ་ལ་ཞིབ་ལྟ་དང་། རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་༼ སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ། ༽ལས་འཕྲོས་ཏེ་དགའ་ལྡན་ཕོ་བྲང་དང་ཧོན་ཤོད་རྒྱལ་ཁང་ཟེར་བའི་གནས་བབ་ལ་དཔྱད་པ། འབུམ་རབས་པ་གཉན་ཐར་ལགས་ཀྱིས་གཞུང་དགའ་ལྡན་ཕོ་བྲང་གི་དུས་ཀྱི་དགེ་ལུགས་པའི་དགོན་སྡེའི་མ་ལག་གྲུབ་ཚུལ་གྱི་འགྱུར་ལྡོག་གླེང་བ་བཅས་ཀྱི་བརྗོད་གཞི་ཐོག་ནས་འཆད་ཁྲིད་གནང་རྒྱུ་ཡིན་འདུག

འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་དཔེ་དེབ་དེ་དང་འབྲེལ་བའི་ཐོག་ནས་བརྗོད་དོན། སྤྱིར་བོད་ཀྱི་གནས་སྟངས་ཛ་དྲག་ཆགས་བསྡད་ཡོད་རེད། དེའི་ནང་ནས་བོད་ཀྱི་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་ཐོག་རྒྱ་གཞུང་གིས་ཐེ་གཏོགས་བྱེད་བཞིན་ཡོད་པ་དེ་ཡང་ཛ་དྲག་རེད། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་སོགས་ཀྱི་སྐོར་ཁུངས་ལུང་མེད་པའི་ཡིག་ཆ་དང་ཁྱབ་བསྒྲགས་རྫུན་པ་སྤེལ་ནས་ད་ལྟར་བར་དུ་འགྲོ་བསྡད་ཡོད་རེད། དེ་བཞིན་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་སྐོར་ཡང་དེ་ལྟར་རེད། རྒྱ་གཞུང་གིས་གང་བཤད་བསྡད་པ་དང་དཔྱད་རྩོམ་བཏོན་པ་རྣམས་ནང་ཆོས་དང་འབྲེལ་བ་ཡོད་མ་རེད། འཇིག་རྟེན་གྱི་ཆབ་སྲིད་རང་རེད། དེར་བརྟེན། ང་ཚོས་ངོས་ནས་སྤྲུལ་སྐུ་ལམ་ལུགས་སྐོར་གྱི་དངོས་ཡོད་གནས་ལུགས་ཀྱི་དཔྱད་རྩོམ་དང་འགྲེལ་བཤད་བརྒྱུད་ནས་བདེན་པ་ར་སྤྲོད་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རིན་སྨོན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་དེའི་ནང་དུ། དགོན་སྡེ་ཁག་གི་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དང་འབྲེལ་བའི་དཔྱད་རྩོམ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་། ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་སོགས་ཀྱི་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དང་འབྲེལ་བའི་དཔྱད་རྩོམ་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱི་༸རྒྱལ་མཆོག་བཅུ་གསུམ་པ་ཐེངས་གཉིས་ལ་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ་ལ་ཞིབ་ལྟ་ཞེས་པའི་དཔྱད་རྩོམ་གྱི་ནང་དོན་མདོར་བསྡུས་ནི། ༼༧ རྒྱལ་བའི་དབང་པོ་བཅུ་གསུམ་པ་ཐེངས་གཉིས་ལ་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ་ལ་ཞིབ་ལྟ་༽ཞེས་པའི་དཔྱད་རྩོམ་འདི་ནི། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་གི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་བདག་དབང་མཚོན་པའི་ལོ་རྒྱུས་ཀྱི་དཔང་རྟགས་གལ་ཆེན་ཞིག་ཀྱང་ཡིན། དེ་ཡང་ཐེངས་དང་པོར་ཉེན་ཡོལ་དུ་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལྷ་ས་ནས་ཆིབས་ཐོན་གནང་སྟེ། ས་བྱ་ཕྱི་ལོ་ ༡༩༠༩ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་ལ་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་དུ་ཕེབས་འབྱོར་གནང་བའི་བར་ཡིན་ཞིང་། དུས་ཡུན་ལོ་ངོ་ལྔ་དང་ཟླ་བ་བཞི། ཞག་མ་ཉེར་ལྔའི་རིང་དུ་སོག་ཡུལ་དང་། མདོ་སྨད། རྒྱ་ནག་བཅས་སུ་སྐུ་བཞུགས་གནང༌། ཐེངས་འདིར་དབྱིན་ཇུའི་དྲག་ཤུལ་བོད་དུ་སླེབས་པ་ལ་བརྟེན་ནས་ཕེབས་དགོས་བྱུང༌།

ཉེན་ཡོལ་དུ་ཕེབས་རྗེས་མ་ནི་ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོའི་བོད་ཟླ་དང་པོའི་ཚེས་གསུམ་གྱི་མཚན་ཕྱེད་ཙམ་སྟེ། ཚེས་བཞིའི་ཐུན་མཚམས་དང་པོར་ནོར་གླིང་ནས་ཆིབས་ཁ་བསྒྱུར་བ་ནས། ཆུ་བྱི་ཕྱི་ལོ་ ༡༩༡༢ ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་ལ་རྩེ་ཕོ་བྲང་དུ་ཞབས་སོར་བཀོད་པའི་བར་ཡིན་ཞིང་། དེ་ནི་རྒྱ་ནག་མན་ཇུའི་གཞུང་གིས་མཐའ་མཚམས་ལས་དོན་བྱེད་ཕྱོགས་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་བ་དང་། བོད་འདི་དངོས་སུ་རྒྱ་ནག་གི་ཁོངས་གཏོགས་སམ་ཞིང་ཆེན་དུ་བསྒྱར་བའི་ལམ་ལུགས་སྤེལ་བ་ལ་བརྟེན་ནས་ཉེན་ཡོལ་དུ་ཕེབས་དགོས་བྱུང༌། དེ་ལ་དུས་ཡུན་ལོ་གཅིག་དང་ཟླ་བ་བཅུ་གཅིག ཞག་མ་བཅུ་གསུམ་རིང་དུ་རྒྱ་གར་དུ་ཕེབས་བཞུགས་གནང་།

སྤྱིར་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལ་༧རྒྱལ་བའི་དབང་པོ་ལྷ་ས་ནས་ཕེབས་གནང་བ་ནས་བཟུང༌། ཆུ་བྱི་ཕྱི་ལོ་ ༡༩༡༢ ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་ལ་རྩེ་ཕོ་བྲང་དུ་ཞབས་སོར་བཀོད་པའི་བར་དུ། ལོ་ངོ་ཧྲིལ་པོ་བརྒྱད་དང་ཟླ་བ་དྲུག ཞག་མ་གཅིག་ཡོད་པ་ལས། ལྷ་ས་རིང་དུ་ས་བྱ་ཕྱི་ལོ་ ༡༩༠༩ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་ནས། ལྕགས་ཁྱི་ཕྱི་ལོ་༡༩༡༠ ལོའི་བོད་ཟླ་དང་པོའི་ཚེས་གསུམ་བར་གྱི་ཟླ་ངོ་ཧྲིལ་པོ་གཅིག་དང་ཞག་མ་ཉེར་གསུམ་རིང་མ་གཏོགས་བཞུགས་ཐུབ་མེད། གནས་ཚུལ་འདིའི་ཐོག་ནས་དུས་ཡུན་འདིའི་བར་གྱི་ལོ་ངོ་བརྒྱད་དང་ཟླ་བ་བཞི་དང་ཞག་མ་བརྒྱད་ཡོངས་སུ་རྫོགས་པ་ལམ་བར་གྱི་འགྲུལ་བཞུད་དང་། ཕྱི་ཡུལ་ཁོ་ནར་སྐུ་བཞུགས་གནང་བའི་ལོ་རྒྱུས་ཤིག་ཡིན། གནས་ཚུལ་འདིའི་ཐོག་ནས་ལོ་རྒྱུས་ཀྱི་དུས་ཡུན་འདི་ནི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཆེས་གལ་འགངས་ཆེ་བའི་དུས་སྐབས་ཤིག་དང༌། འཛམ་གླིང་ལོ་རྒྱུས་ནང་དུའང་ཡུ་རོབ་གླིང་དང་ཨེ་ཤི་ཡའི་གླིང་ཆེན་གྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་གསར་བ་ཞིག་ལ་སླེབས་པའི་དུས་སྐབས་ཡིན་པས། ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་རྣམས་ཀྱིས་ངེས་པར་དུ་ལྟ་དགོས་པའི་དོན་གནད་ཅིག་ཡིན།

དུས་སྐབས་འདིའི་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་འདི་ནི་རྒྱུ་མེད་རྐྱེན་གྱིས་འཕེལ་ཕྱོགས་མིན་པར། རྒྱུ་རྐྱེན་དུ་མ་འདུས་པ་ལས་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན། དེ་ཡང་ཨུ་དབྱིན་རྒྱ་གསུམ་གྱི་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་བ་ཡོད་པ་སྟེ། དབྱིན་ཇུས་ཤར་ཕྱོགས་སུ་མི་སེར་སྤེལ་བའི་ལམ་ལུགས་དང༌། མི་སེར་སྤེལ་ཡུལ་ཁག་གི་ས་ཁོངས་རྒྱུན་མཐུད་ནས་འཛིན་སྐྱོང་ཡོང་ཆེད་དང་། ནུབ་ལུགས་ཤར་སྤེལ་དང་ཤར་ཟོག་ནུབ་འདྲེན་གྱི་ལམ་ལུགས་བརྟན་སྲུང་དང་ཁག་ཐེག་ཡོང་བར་བྱ་རྒྱུ་དང༌། ཨུ་རུ་སུས་ཀྱང་མི་སེར་སྤེལ་ཡུལ་དང་ཤར་ཟོག་ནང་འདྲེན་གྱི་ལམ་ལུགས་ཤིག་ཡོད་པ་དེ་ལ་དབྱིན་ཇུས་ཤུགས་རྐྱེན་མི་འཕྲད་པར་རང་སྲུང་བྱ་ཐབས་ཀྱི་སྲིད་ཇུས། རྒྱ་ནག་གིས་ཀྱང་མངོན་གསལ་མིན་པའི་མཐའ་མཚམས་མི་རིགས་ཁག་གི་རྒྱལ་ཁབ་རྣམས་རྒྱ་ཆེན་པོའི་ནང་དུ་འཇུག་ཐབས་ཀྱི་སྲིད་ཇུས་བཅས་ནི། དུས་སྐབས་འདིར་ ༧རྒྱལ་བའི་དབང་པོར་སྐུ་ངལ་འཕྲད་གཞིའི་རྒྱུ་རྐྱེན་གཙོ་བོ་རྣམས་ཡིན། རྒྱུ་རྐྱེན་འདི་དག་གིས་གནས་ཚུལ་དེ་འདྲ་ཞིག་ཡོང་ཐུབ་པ་ན་དུས་སྐབས་དེའི་བོད་ཀྱི་གནས་བབ་ཀྱང་ཤེས་རྟོགས་ཐུབ་དགོས། གནས་ཚུལ་དེ་དག་གིས་༸རྒྱལ་བའི་དབང་པོ་བཅུ་གསུམ་པ་ཆེན་པོ་ཐེངས་གཉིས་ལ་ཉེན་ཡོལ་དུ་ཕེབས་དགོས་བྱུང་བ་དང་། དེ་ལ་རྒྱུ་རྐྱེན་མི་འདྲ་བ་མང་པོ་ཞིག་ཡོད་པ་མ་ཟད། བྱུང་འཕེལ་གྱི་རྣམ་འགྱུར་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་ཡིན། འདི་ལ་བརྟེན་ནས་དེང་གི་ཆབ་སྲིད་ཀྱི་ལྟ་བས་ལོ་རྒྱུས་འགྲེལ་བརྗོད་བྱེད་མཁན་རྣམས་ཀྱིས་རང་གི་ཕུགས་འདུན་དང༌། ལམ་ལུགས་དཀྱིལ་སྙིང་བྱས་ཏེ། ལོ་རྒྱུས་ཀྱི་དོན་དངོས་ཁ་སྒྱུར་བཏང་བའི་ཁྲོད་དུ། ལོ་རྒྱུས་ཀྱི་དོན་དངོས་འདིའི་སྣང་ཚུལ་ཡང་ཁ་སྒྱུར་སྣ་ཚོགས་ཤིག་བྱས་ཡོད། དེ་དག་དེང་སྐབས་གསལ་འདོན་བྱ་མ་ཐུབ་ན། ལོ་རྒྱུས་ཀྱི་དོན་དངོས་འདི་ནི་ནག་བསུབ་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད། གནས་ཚུལ་འདིའི་ཐོག་ནས་གནས་ཚུལ་འདི་ཕྲན་ཙམ་གླེང་ཁུལ་བྱས་པ་ཡིན། ཞེས་བཀོད་འདུག

རྒན་གཙང་ཕྲུག་སྟོབས་ལགས་ཀྱི་༼ སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ། ༽ལས་འཕྲོས་ཏེ་དགའ་ལྡན་ཕོ་བྲང་དང་ཧོན་ཤོད་རྒྱལ་ཁང་ཟེར་བའི་གནས་བབ་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ་གྱི་ནང་དོན་མདོར་བསྡུས་ནི། དཔྱད་རྩོམ་འདིའི་ནང་༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དང་། གསུང་འབུམ། སྡེ་སྲིད་བསོད་ནམས་རབ་བརྟན་དང་གུར་ཤྲིས་སྩལ་བའི་བཀའ་ཐམ་ཁག ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ། ཐམ་དེབ་ལོང་བའི་དམིགས་བུ། ཕྱི་ལོ་ ༡༩ྋ༩ གོང་བྱོན་པའི་བོད་ཀྱི་མཁས་པའི་གསུང་རྩོམ་དང་ཕྱི་ལོ་ ༡༩༩༩ རྗེས་ཀྱི་ཕྱི་ནང་ཞིབ་འཇུག་པའི་དཔྱད་རྩོམ་འགའ་ཁུངས་སུ་བྱས་ཏེ། སྡེ་པ་གཞུང་ཞེས་པའི་ཐ་སྙད་དེ་དུས་ནམ་ཞིག་ནས་བོད་ཀྱི་དབང་འཛིན་སྲིད་གཞུང་ལ་མིང་བཏགས་ཡོད་པ་དང་། ༸གོང་ས་ལྔ་པ་ཆེན་པོའི་ཆོས་སྲིད་དབང་ལུང་བོད་ཆོལ་ཁ གསུམ་ལ་ཁྱབ་པ། གུར་ཤྲི་ཁང་གིས་གཙོ་འཛིན་བྱས་ཏེ་ཧོ་ཤོད་རྒྱལ་ཁང་ཟེར་བའི་མངའ་འོག་ཏུ་གཞུང་ས་དགའ་ལྡན་ཕོ་བྲང་ཡོད་པའི་ལོག་རྟོག་གི་ལྟ་ཚུལ་ལ་སུན་འབྱིན། ཞལ་ངོ་བསོད་ནམས་ཆོས་འཕེལ་ལ་གཞུང་ས་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་ཀྱི་ཐུགས་འགན་རང་བཞིན་བབ་པ་ལས་བསྐོས་བཞག་བྱེད་པོ་གཞན་ཞིག་མེད་པ་གསལ་སྟོན་ཞུ་ཐབས་ལ་འབད་ཡོད། ཅེས་བཀོད་འདུག

འབུམ་རབས་པ་གཉན་ཐར་ལགས་ཀྱི་གཞུང་དགའ་ལྡན་ཕོ་བྲང་གི་དུས་ཀྱི་དགེ་ལུགས་པའི་དགོན་སྡེའི་མ་ལག་གྲུབ་ཚུལ་གྱི་འགྱུར་ལྡོག་གླེང་བ་ཞེས་པའི་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ནི། སྤྱི་ལོའི་དུས་རབས་བཅུ་གསུམ་པ་ནས་བཅུ་བདུན་པའི་བར་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྟོབས་ཤུགས་གཙོ་བོ་ཁྱིམ་རྒྱུད་ཀྱིས་བཟུང་ཞིང༌། ཁྱིམ་རྒྱུད་དེས་རྣམ་པ་མི་འདྲ་བའི་ལམ་ནས་དགོན་སྡེ་དང་གྲོང་པའི་བར་གྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནད་དོན་སྙོམ་སྒྲིག་བྱེད་ཅིང་འདུག་པ་ལ། གཞུང་དགའ་ལྡན་ཕོ་བྲང་གི་སྐབས་སུ་སྤྲུལ་སྐུའི་ལམ་ལུགས་ཀྱིས་གཙོ་བོར་བྱས་པའི་དགོན་པའི་ནང་ཆེན་དང་བླ་བྲང་གི་སྟོབས་ཤུགས་གཅིག་བསྡུས་ཀྱིས་དགོན་སྡེའི་མ་ལག་ཅིག་གྲུབ་ཅིང་། དེར་གྲྭ་ཚང་དང་ཁང་ཚན་གྱི་ལམ་ལུགས་རྒྱ་ཆེ་ལ་དགོན་མ་ལག་གི་འབྲེལ་བའི་གྲུབ་ཚུལ་ཅུང་ཚགས་དམ་པ། ཡུལ་བབས་ཀྱི་དམིགས་གསལ་ཁྱད་ཆོས་དང་ལྡན་ཞིང་། མཆོད་ཡོན་ དང་འབྲེལ་བའི་དཔུང་བཙན་པས་བོད་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བའི་རྣམ་པ་གསར་བ་ཞིག་ཏུ་སླེབས། སྐབས་དེའི་སྤྱི་ཚོགས་ཀྱི་སྤྱིའི་འབྲེལ་བའི་གྲུབ་ཚུལ་གྱི་དབང་གིས་དེ་ཕྱིས་ཀྱི་སྲིད་འགྱུར་རིམ་པར་བྱུང་བ་ལས་དགོན་སྡེའི་ལམ་ལུགས་དེའི་ནང་གི་གྲུབ་ཚུལ་ལ་འགྱུར་བ་ཆེར་མེད་ན་ཡང་། ཕྱི་ནང་གི་སྲིད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། དགོན་སྡེའི་མ་ལག་གི་གྲུབ་ཚུལ་སྤྱི་ཡོངས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པའི་ཚུལ་ལ་དབྱེ་ཞིབ་བྱས་ནས། གཞུང་ས་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ཁྲོད་སྲིད་དོན་གྱི་གནས་བབས་མངོན་པར་གསལ་བའི་དགོན་སྡེའི་མ་ལག་གྲུབ་ཚུལ་གྱི་འགྱུར་བ་དང་དེའི་མཚོན་དོན་བཅས་གླེང་ཡོད། ཅེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།