29
Mon, Apr

ཕྱི་ལོ་༢༠༢༣ ཟླ་༩ ཚེས་༦ ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་གཙོས་པའི་བོད་རིགས་དང་ཕྱི་རྒྱལ་སྟོང་ཕྲག་ཁ་ཤས་ལ་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གྱི་གསུང་ཆོས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༩ ཚེས་༦ ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་ལ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་གཙོས་པའི་བོད་རིགས་དང་ཕྱི་རྒྱལ་སྟོང་ཕྲག་ཁ་ཤས་ལ་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གྱི་གསུང་ཆོས་ལེགས་པར་གྲུབ་སོང་། ༸གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་ནི་དངོས་གནས་རང་གཞན་ཀུན་ལ་བདེ་སྐྱིད་ཡོང་བ་དང་། འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ། མཐའ་ལུས་བདེ་བ་དང་སེམས་བག་ཕེབས་པོ་ཡོང་བ་ཞིག་བྱང་ཆུབ་ཀྱི་སེམས་ཀྱིས་ཡོང་གི་འདུག་ཅེས་གསུངས་སོང་།

དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་འདིའི་ཚེས་༥ ནས་༦ ཉིན་གཉིས་ལ་༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་རྒྱལ་ཁབ་༥༦ ནས་ཕེབས་པའི་ཆོས་ཞུ་བ་ ༥༧༠༠ བརྒལ་བར་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གྱི་གསུང་ཆོས་གནང་ནས་དེ་རིང་ལེགས་པར་གྲུབ་སོང་།

ཉིན་དང་པོར་༸གོང་ས་མཆོག་གིས་གསུང་དོན། དེ་རིང་འདིར་རིས་སུ་མ་ཆད་པའི་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་ཆོས་པ་རྣམས་རུབ་རུབ་བྱས་ཏེ་སྨོན་ལམ་རྒྱག་བཞིན་པ་རེད། ལམ་རིམ་ཉམས་མགུར་ལས། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌།། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།། ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ།། ཞེས་གསུངས་པ་ལྟར། སྟོན་པ་བཅོམ་ལྡན་འདས་རང་རྟག་པ་རང་བྱུང་གི་སྐྱེས་བུ་མ་ཡིན་པར་དུས་ཚོད་མང་པོར་བསླབ་ཅིང་། མཐར་གྲངས་མེད་གསུམ་གྱི་ཚོགས་བསགས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་རེད། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ་ཞེས་རྒྱུ་ཚོགས་གྲངས་མེད་པ་ཞིག་གི་ཐོག་ནས་འབྲས་བུ་མངོན་དུ་བྱས་པའི་བཅོམ་ལྡན་འདས་རང་ཉིད་ཀྱིས་རྒྱུ་ཚོགས་མང་པོར་དགོངས་པ་བཞེས་ནས་སེམས་གཏིང་གི་དྲི་མ་བག་ཆགས་དང་བཅས་པ་སྦྱངས་པའི་ཉམས་མྱོང་གི་ཐོག་ནས་ང་ཚོར་ལམ་བསྟན་ཞིང་། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།། ཞེས་གདུལ་བྱ་བློ་རབ་འབྲིང་ཐ་མ་གསུམ་ལ་གང་འདུལ་གྱི་གསུང་གི་འཕྲིན་ལས་བསྐྱེད་ནས་ཐ་ན་ཆོས་དད་མེད་མཁན་ཞིག་ཡིན་ནའང་བསླབ་བྱ་བཟང་པོ་ཞིག་གིས་སེམས་རྒྱུད་བཟང་པོ་བྱེད་པ་དང་། གཞན་ཕན་བྱེད་པ་གསུང་གི་ཡོད། ཆོས་དད་ལའང་སྣ་ཚོགས་ཡོད་པས་གང་ལྟར་སོ་སོའི་ཁམས་དང་མོས་པ་དང་འཚམ་པ་ཞིག་དང་། གང་ལྟར་གཞན་ཕན་གྱི་བློ་བཟང་པོ་སྟོན་པ་ཞིག་རེད།

ཕྱོགས་གཅིག་ནས་བཅོམ་ལྡན་འདས་རྒྱུ་ཚོགས་ཇི་འདྲ་ཞིག་ལ་རྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ང་ཚོས་རྩད་གཅོད་བྱས་དགོས། བཅོམ་ལྡན་འདས་ལམ་ཇི་ལྟ་བུ་ཞིག་གི་ཐོག་ནས་མངོན་པར་རྫོགས་པར་སངས་རྒྱས་པ་བཞིན། ང་ཚོ་ཚང་མའི་རྒྱུད་དུ་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་རེད། ང་ཚོ་ཚང་མའི་རྒྱུད་དུ་ཉོན་མོངས་པའི་དྲི་མ་དང་ཤེས་བྱའི་དྲི་མ་མང་པོ་ཡོད་ཀྱང་། དེ་དག་གི་གཞི་རྩ་ནི་བདག་ཏུ་འཛིན་པའི་བདེན་འཛིན། གང་ཟག་གི་བདེན་འཛིན་དང་། ཆོས་ཀྱི་བདེན་འཛིན་གྱི་ཐོག་ནས་ཡོང་གི་ཡོད་པས་བདག་མེད་པའི་ལྟ་བུའི་ཐོག་ཏུ་བསམ་བློ་བཏང་བ་ཡིན་ན་བདག་ཏུ་འཛིན་པའི་བདག་འཛིན་གཉིས་པོ་དེ་རིམ་བཞིན་ཞི་ཐུབ་པ་ཞིག་རེད།

ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། གང་ལྟར་སེམས་ལ་འགྱུར་བ་མང་པོ་སླེབས་ཀྱི་འདུག ཕྱི་ནང་གི་ཆོས་གང་ཡིན་ཡང་དོན་སྟེང་ནས་ཡོད་པ་ཞིག་ང་རང་ཚོར་སྣང་གི་ཡོད་ཀྱང་། སྣང་བ་ལྟར་དུ་གྲུབ་མེད་བསམ་པའི་མིང་རྐྱང་བཏགས་ཡོད་ཙམ་ཟེར་བའི་བསམ་བློ་ཧ་ཅང་ཤུགས་ཆེན་པོ་འཁོར་ཐུབ་ཀྱི་འདུག སེམས་རྒྱུད་ཀྱི་མ་རུང་བར་བྱེད་མཁན་བདག་ཏུ་འཛིན་པའི་བདེན་འཛིན་ལ་གཉེན་པོ་བསྟེན་ནས་ཡོང་གི་ཡོད་པས་བདེན་འཛིན་གྱི་ཨ་འཐས་ཀྱི་འཛིན་པ་ཤུགས་ཆུ་རུ་ཕྱིན་ནས། དེ་དང་ཆབས་ཅིག རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ།། ཉམས་ལེན་སྙིང་བོར་བྱེད་པར་བྱིན་གྱིས་རློབས།། ཞེས་གསུངས་པ་ལྟར། རང་གཅེས་པར་འཛིན་པའི་གཅེས་འཛིན་དེ་ཞི་མཐའ་ལ་ལྷུང་བ་ནས་གང་ལྟར་འཕྲལ་སེལ་གྱི་མངོན་འདོད་ལུས་རྟེན་གྱི་ནང་དུའང་སྡུག་བསྔལ་མང་པོ་ཡོང་བ་རྣམས་བདག་ཏུ་འཛིན་པའི་བདེན་འཛིིན་དང་། རང་གཅེས་འཛིན་གྱིས་བྱེད་ཀྱི་ཡོད་པ་དང་། ག་ཚོད་ཐུབ་ཐུབ་ཀྱིས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་རང་དང་རང་འདྲ་བར་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་པར་བདེ་བའི་ཆོག་མི་ཤེས་པ་ཡིན་པ་གཅིག་མཚུངས་ཡིན་པས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་མཐའ་གཅིག་ཏུ་བརྩེ་བ་བྱེད་དགོས་པ་ཞིག་རེད།

སྡུག་བསྔལ་གྱི་རྒྱུ་བདེན་འཛིན་ཡིན་པས་དེ་སྤང་ཐུབ་པ་ལ་ངེས་པ་རྙེད་ཚེ་བདེན་འཛིན་གྱི་གཞན་དབང་དུ་སོང་ནས། བདེ་བ་འདོད་ཀྱང་བདེ་བས་ཕོང་། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱིས་མནར་བའི་ཉམ་ཐག་པའི་སེམས་ཅན་རྣམས་ལ་མཐའ་གཅིག་ཏུ་བརྩེ་བའི་བློ་སླེབས་སྡོད་པ་ཞིག་རེད། དེ་ལྟར་ཡིན་པས་རང་གཅེས་པར་འཛིན་པའི་གཅེས་འཛིན་གྱིས་གང་ལྟར་གཞན་ཕོང་པ། རང་ཕོང་བ་ཞིག་གི་རེད། དེར་བརྟེན། ག་ཚོད་ཐུབ་ཐུབ་ཀྱིས་གཞན་གཅེས་པར་འཛིན་པའི་གཅེས་འཛིན་བྱོས། དེ་ནས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྣང་བ་ལྟར་དུ་དོན་སྟེང་ནས་གྲུབ་པ་མེད་པར། མཐའ་ལ་གཏུགས་ཡོང་དུས་མིང་རྐྱང་བཏགས་ཡོད་ཙམ་མ་གཏོགས་མེད་པ་བློ་ལ་ཤར་ཐུབ་ཀྱི་འདུག དེ་དག་ངོས་ཀྱིས་དཔེ་ཆའི་ནང་དུ་ཡོད་པ་མར་སྐྱོར་བ་མ་རེད། ངོས་རང་གིས་ཉིན་རེ་བཞིན་དུ་བསམ་བློ་གཏོང་གི་ཡོད། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ཡོང་དུས་སྣང་ཡང་མི་བདེན་པའི་སྒྱུ་མ་ལྟ་བུ་དེ་བློ་ལ་སླེབས་ཀྱི་འདུག རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་སྐྱོན་ལ་སྒོ་དུ་མ་ནས་བསམ་བློ་བཏང་ཡོང་དུས་མཐའ་གཅིག་ཏུ་གཞན་བདེ་འབའ་ཞིག་སྒྲུབ་བསམ་པའི་བློ་ཞིག་སླེབས་ཀྱི་འདུག དེར་བརྟེན། བློ་གོམས་ན་ག་ལེར་རང་གཅེས་པར་འཛིན་པའི་གཅེས་འཛིན་དང་གཅིག བདག་ཏུ་འཛིན་པའི་བདེན་འཛིན་དང་གཉིས་པོ་ད་ལྟའི་བར་དུ་ང་ཚོའི་བློ་འཁྲུལ་བའི་དབང་གིས་བདེན་འཛིན་དང་བདག་འཛིན་གྱི་གཞན་དབང་དུ་སོང་བ་དེ་ལྟར་རེད་མ་གཏོགས། ད་རེས་ང་ཚོ་སངས་རྒྱས་པའི་ཆོས་དང་མཇལ། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པའི་གཞུང་རྣམས་ལ་མཇལ། དེ་ནས་རིགས་པས་དཔྱད་པ་བྱས་ཡོང་སྐབས། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་གསུངས་པ་ལྟར། རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས། གཞན་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ནི་དངོས་གནས་རང་གཞན་ཀུན་ལ་བདེ་སྐྱིད་ཡོང་བ་དང་། འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ། མཐའ་ལུས་བདེ་བ་དང་སེམས་བག་ཕེབས་པོ་ཡོང་བ་ཞིག་བྱང་ཆུབ་ཀྱི་སེམས་ཀྱིས་ཡོང་གི་འདུག

རྐྱེན་ངན་མང་པོ་ཡོང་སྐབས་རྐྱེན་ངན་ཡོང་བའི་གཞི་རྣམས་ལ་སྙིང་རྗེ་སྐྱེས་པ་མ་གཏོགས་དེ་ལ་སེམས་ཀྱིས་མ་བཟོད་པའི་ཐོག་ནས་མ་དགའ་བ་ཡོང་རྒྱུ་མི་འདུག ནམ་མཁའི་མཐས་གཏུགས་པའི་སེམས་ཅན་སྤྱི་དང་། ལྷག་པར་དུ་གདོན། བགེགས། ལོག་འདྲེན་སོགས་ཚང་མ་དངོས་གནས་རང་གཅེས་འཛིན་གྱི་གཞན་དབང་དུ་སོང་ནས་དེ་ལྟ་བུའི་ཐོག་ནས་གཞན་ལ་གནོད་པ་བྱེད་པ་ཞིག་ཡོང་གི་ཡོད་པ་རེད། མི་ཤེས་པའི་དབང་གིས་ཡོང་གི་ཡོད་པ་རེད། སྙིང་རྗེ་བའི་ཡུལ་རེད། དེར་བརྟེན། གདོན་བགེགས་ལོག་འདྲེན་ཟེར་བ་སོགས་ལ་སྙིང་རྗེ་སྐྱེས་པ་མ་གཏོགས་སེམས་ནས་ཞེད་སྣང་བྱེད་པ་དང་། དེ་དག་ལ་རྒྱབ་ཀྱིས་ཕྱོགས་དགོས་པ་མི་འདུག ཚང་མས་རང་གཅེས་འཛིན་གྱི་སྐྱོན་དང་། བདག་ཏུ་འཛིན་པའི་བདེན་འཛིན་གྱི་སྐྱོན་ལ་བསམ་བློ་ཡག་པོ་ཞིག་འཁོར་ཡོང་དུས་རང་གཅེས་འཛིན་དང་བདེན་འཛིན་གྱི་གཞན་དབང་དུ་སོང་བའི་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྲལ་བ་ཞིག་དང་། བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པ་ཞིག་བྱུང་ན་ཅི་མ་རུང་བསམ་པའི་སེམས་ཤུགས་ཤིག་སྐྱེས་ཡོང་གི་འདུག དེ་ལྟར་བསམ་བློ་བཏང་ཡོང་དུས་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་ནམ་རྒྱུན་མི་བདེ་བ་ཡོང་བའི་གྲས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་འཁོར་ཡོང་སྐབས་རྐྱེན་ངན་རུ་འཛིང་པ་རྣམས་སེམས་ཤུགས་འཕར་བ་ཞིག་དང་། གང་སྣང་བདེན་གྲུབ་ཏུ་སྣང་བ་རྣམས་སྣང་བ་ལྟར་དུ་གྲུབ་པ་གཏན་ནས་མེད་བསམ་པ་ཞིག་གི་སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་འཁོར་ཐུབ་པ་ཞིག་གི་ཧ་ཅང་ཡག་པོ་རེད།

ང་ཚོའི་སངས་རྒྱས་པའི་ཆོས་སྤྱི་དང་། དཔལ་ནཱ་ལེནྡྲའི་ཀླུ་སྒྲུབ་ཡབ་སྲས། ལྷག་པར་དུ་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་རིགས་པའི་ལམ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་གསུང་སྐབས་སེམས་ཀྱི་གཏིང་ནས་དེ་དེ་བཞིན་རེད་བསམ་པ་ཞིག་སེམས་གཏིང་ནས་ཡིད་ཆེས་རྙེད་པ་ཞིག་ཡོང་རྒྱུ་འདུག རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་ཐུགས་སྨོན་གནང་བ་ལྟར། ངོས་རང་ལ་མཚོན་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། དབུ་ཚད་ཀྱི་གཞུང་ལ་དགའ་རབ་བལྟས་ཡོད། དེར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་རིགས་པའི་ལམ་ནས་བསམ་བློ་བཏང་སྡོད་པ་དེ་ཧ་ལས་པ་ཞིག་རེད།

དེ་རིང་འདིར་ཆོས་གྲོགས་ཚོར་ཐུག་པ་རེད། གང་ལྟར་དུས་སྙིགས་མ་ཆགས་ཀྱི་ཡོད་ཀྱང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དུས་སྙིགས་མ་ཆགས་ནས་ཕན་ཐོགས་མེད་པ་རྩ་བ་ཉིད་ནས་མ་རེད། དུས་སྙིགས་མ་ཆགས་སྐབས་འདི་དག་གི་ནུས་པ་ཆེ་རུ་འགྲོ་བ་ནི་ཏན་ཏན་རེད། དེར་བརྟེན། ཚང་མས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉིན་རེ་བཞིན་དུ་བསམ་བློ་ཐོངས། བསྟན་པའི་དགྲ་བོ་ཟེར་བ་ལྟ་བུ་དང་། གདོན། བགེགས། ལོག་འདྲེན་སོགས་སྙིང་རྗེའི་སྐྱེ་ཡུལ་རེད་མ་གཏོགས་འཇིགས་སྣང་ཡོང་བ་དང་། དེ་ལ་བགེགས་གཏོར་བཏང་ནས་བསྐྲད་རྒྱུ་ལྟ་བུ་གང་ཡང་དགོས་དོན་མི་འདུག སྙིང་རྗེ། བདག་ཏུ་འཛིན་པའི་བདེན་འཛིན་དང་། རང་གཅེས་འཛིན་གྱི་གཞན་དབང་དུ་སོང་ཡོད་པ་རྣམས་ལ་མཐའ་གཅིག་ཏུ་བརྩེ་བ་འབའ་ཞིག་མ་གཏོགས་གདོན་བགེགས། འབྱུང་བོ་ཞེས་བསྐྲད་རྒྱུའི་སྐད་ཆ་རེད་མི་འདུག ཐམས་ཅད་ལ་བརྩེ་བའི་བློ་སྐྱེས་དགོས་པ་ནི་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་རེད།

ངོས་རང་ལ་མཚོན་ན་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་སྒོམ་གྱི་ཡོད། སེམས་ལ་ཧ་ཅང་ཕན་ཐོགས་ཡོང་གི་འདུག སེམས་ལ་ཕན་ཐོགས་ཡོང་བའི་ཚོད་ཀྱིས་ལུས་ཀྱི་བདེ་ཐང་ལའང་ཧ་ཅང་ཕན་ཐོགས་འདུག དེར་བརྟེན། ཚེ་སྒྲུབ་ཅེས་ཟུར་དུ་སྔགས་བགྲངས་ན་ཕྲན་བུ་ཕན་གྱི་ཡོད་ནའང་། ངོ་ཐོག་ཁ་ཡོད་ལག་ཡོད་ཀྱི་ཚེ་སྒྲུབ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་སེམས་ལྷོད་ལྷོད་ཆགས་ནས་ཚེ་སྒྲུབ་ཀྱི་མཆོག་རེད། གཞན་ལ་ཕན་བདེ་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་གཞན་ལ་དངོས་དང་རྒྱུད་པའི་ཐོག་ནས་ཕན་ཐོགས་ཡོང་ཐུབ་པ་ཞིག་རེད། ང་ཚོའི་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ང་ཚོ་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་ཡག་པོ་གཏོང་དགོས། ད་རེས་དུས་ཚོད་འདིར་ང་ཚོ་རྣམ་འདྲེན་བཞི་པ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་རྗེས་སུ་ཞུགས་མཁན་རེད། དེར་བརྟེན། ང་ཚོས་སྟོན་པ་བཅོམ་ལྡན་འདས་ནང་བཞིན་བྱེད་ཀྱི་ཡིན་བསམ་པའི་དམིགས་ཡུལ་བཟུང་ནས་སེམས་ཤུགས་བསྐྱེད་དེ། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཉིན་རེ་བཞིན་དུ་ཉམས་ལེན་ལ་འབད་བརྩོན་བྱེད་དགོས་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་བསྩལ་སོང་།

ཉིན་གཉིས་པར་༸གོང་ས་མཆོག་གིས་གསུང་དོན། དུས་ད་ལྟའི་བར་དུ་འཛམ་གླིང་གང་སའི་ནང་པའི་ལུང་པ་ནས་ཁྱོད་ཚོ་ཕེབས་ཀྱི་ཡོད་པ་རེད། ངོས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཇི་མ་ཇི་བཞིན་ལུང་གི་ཆོས་འཆད་ཉན་བྱེད་པ་དང་། རྟོགས་པའི་བསྟན་པ་བསླབ་པ་གསུམ་པོ་རང་ཉིད་ཀྱིས་ཉམས་སུ་བླངས་ནས་མི་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་རྒྱུས་མཚོན་པའི་གང་ཐུབ་ཅི་ཐུབ་བྱེད་བཞིན་པ་དེ་ལྟར་ཡིན། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་འདི་ཙམ་ཕྱིན་ཀྱང་། སྟོན་པའི་ལུང་རྟོགས་ཀྱི་བསྟན་པ་སོས་པ་ལྟ་བུ་ཆགས་ཡོང་གི་འདུག ངོས་རང་གིས་སྟོན་པའི་ཞབས་འདེགས་བསམ་པ་རྣམ་དག་གིས་སྒྲུབ་པ་ཡིན། ངོས་རང་ད་དུང་ལོ་བརྒྱ་དང་བཅུ་གྲངས་སྡོད་ཐུབ་པའི་རྨི་ལམ་གྱི་སྣང་བ་ཧ་ཅང་གསལ་བོ་ཡོང་གི་འདུག དེར་བརྟེན། ད་ལྟ་ལོ་བརྒྱད་ཅུ་གྱ་བརྒྱད་ལ་སླེབས་ཡོད། ད་དུང་ལོ་བཅུ་བཅོ་ལྔའི་རིང་སྟོན་པའི་ཞབས་འདེགས་ཧུར་ཐག་གིས་སྒྲུབ་ཀྱི་ཡིན་ལ་སྒྲུབ་ཐུབ་ཀྱི་ཡོད་པ་ལྟ་བུ་འདུག ཁྱོད་ཚོ་ཚང་མ་བློ་བདེ་བོར་བཞུགས་རོགས།

སངས་རྒྱས་ཀྱི་བསྟན་པ་ཟེར་བ་ནི་སོ་སོའི་རྒྱུད་དུ་སྐྱེས་དགོས་པ་ལས་ལྷ་ཁང་ནང་དུ་མེད། ལྷ་ཁང་རྫིག་པོ་ཡོད་པ་ཞིག་གིས་ཕན་གྱི་མེད། ང་ཚོས་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་བྱས། དེ་ལ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ཡག་པོ་བྱས་ཏེ་རང་རྒྱུད་ལ་བཅོམ་ལྡན་འདས་ཀྱི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་འདི་སོས་པ་ཞིག་ལག་ལེན་ཐོག་ནས་བསྐྱེལ་ཐུབ་ན་དེ་ནི་རྒྱལ་བ་དགྱེས་པའི་སྒྲུབ་པའི་མཆོད་པ་རེད། ངོས་ལ་མཚོན་ན་ཕ་ཡུལ་ས་ཐག་རིང་པོ་ནས་སྐྱེས་ཤིང་། ༸རྒྱལ་དབང་གི་མིང་ཐོགས་པའི་ཐོག་ནས་ཆུང་ཆུང་སྐབས་ནས་ཆོས་ལ་སློབ་སྦྱོང་བྱས་པ་རེད། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཧུར་ཐག་འབད་ཐག་བྱས་པ་ཡིན། ད་དུང་འབྱུང་འགྱུར་ཡང་ལོ་བཅུ་ཕྲག་ཁ་ཤས་ལ་སྟོན་པའི་ཞབས་འདེགས་སྒྲུབ་ཐུབ་པར་འཕེན་པ་གཏོང་གི་ཡོད་ལ་ཁྱོད་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག

སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་ནི་དད་པ་གཅིག་པུ་མ་རེད། གཙོ་བོ་བསམ་བློའི་ཐོག་ནས་སྐྱོན་གྱི་རིགས་ངོ་ཤེས་པར་བྱས་ཏེ་ཉུང་དུ་གཏོང་དགོས། དེ་ལ་གལ་ཆེ་བ་གཅིག་ནི། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་།། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་ལྡན་པའི།། སྲིད་པ་དམ་པ་བྱེད་པར་འགྱུར།། ཞེས་པ་འདི་རེད། སྣང་ཞིང་སྲིད་པའི་ཆོས་རྣམས་ཀྱི་བཏགས་དོན་བཙལ་ན་རྙེད་རྒྱུ་མི་འདུག་ལ། ལྟོས་པ་མེད་པར་རང་དབང་གིས་གྲུབ་པ་གཅིག་ཀྱང་མེད། དེ་ལྟ་བུའི་རང་བཞིན་སྟོང་པ་ཉིད་ལ་བསམ་བློ་ཡག་པོ་བཏང་ནས་སེམས་ལ་ཚོར་བ་ཞིག་སླེབས་ཚེ་ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དོན་སྟེང་ནས་ཡོད་པ་དང་། རང་བཞིན་གྱིས་ཡོད་པར་འཛིན་བཞིན་པའི་བློའི་རྐྱེན་གྱིས་ཆགས་སྡང་གི་བློ་སྐྱེས་པ་རིམ་བཞིན་མེད་པ་ཆགས་ཀྱི་ཡོད། འགྲོ་སྟངས་འདི་ནི་དངོས་ཡོད་གནས་ཚུལ་དང་། ཚན་རིག་དང་མཐུན་པ་རེད། ཅེས་བཀའ་བསྩལ་སོང་།

ཡོངས་ཁུངས། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།