ཕྱི་ལོ་༢༠༢༦ ཟླ་༨ ཚེས་༢༠ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཆེད་དང་བོད་རང་དབང་རང་བཙན་ཆེད། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་ཏེ་ཞག་ཞེ་དགུ་འཁོར་བ་དང་བསྟུན། དམ་པ་དེ་ཉིད་དང་། བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམ་པར་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད་བཅས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་པའི་ཐོག བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལས་བྱེད་ཡོངས། དེ་བཞིན་དྷ་ས་ཁུལ་གྱི་བོད་མི་རྣམས་དང་དགེ་འདུན་པ་དང་བཙུན་མ། དེ་བཞིན་སློབ་ཕྲུག་བཅས་མཉམ་འཛོམས་ཐོག རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་འདས་གྲོངས་སུ་གྱུར་ནས་ཞག་ཞེ་དགུ་འཁོར་བ་དང་བསྟུན་སྔ་དྲོ་ཆུ་ཚོད་༡༠་ནས་༡༡།༤༠་བར་མཆོད་འབུལ་སྨོན་ལམ་ཚོགས་སོང་།
མཆོད་འབུལ་སྨོན་ལམ་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་རང་བཙན་བློ་དགའ་དམ་པ་ཁོང་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ། རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་པའི་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད་པས། བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་བྱས་ཏེ། རྒྱལ་གཅེས་པ་དམ་པ་དེ་ཉིད་དང་། བོད་ཀྱི་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཚོར་གདུང་སེམས་མཉམ་སྐྱེད་དང་། མྱ་ངན་གུས་འདུད། རྒྱ་དམར་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་ངོ་རྒོལ་མཚོན་ཆེད། མཆོད་འབུལ་སྨོན་ལམ་འདི་ཚོགས་ཀྱི་ཡོད་པ་དང་། མཚོད་འབུལ་སྨོན་ལམ་གྲུབ་རྗེས་དྷ་ཤོད་སྐོར་སྲུང་ཐང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་གྱི་ཡོད།རྒྱལ་གཅེས་པ་རང་བཙན་བློ་དགའ་དམ་པ་དེ་ཉིད་ནི། བོད་མདོ་ཁམས་དཀར་མཛེས་ཁུལ་གྱི་རྫ་ཁོག་འོད་དྲོ་གྲོང་ཚོར། ཕ་མ་ལོག་ཚང་བསོད་ནམས་མཐར་ཕྱིན་ནམ་བསོད་ཐར་དང་། མ་གད་ཁ་ཚང་རྡོ་རྗེ་ལྷ་མོ་གཉིས་ཀྱི་རིགས་མྱུག་ཏུ་ཕྱི་ལོ་ ༡༩༧༤ ལོར་སྐུ་འཁྲུངས། ཁོང་ལ་ཕ་མ་གཅིག་པའི་གཅེན་མོ་གཅིག་དང༌། གཅུང་མོ་གཅིག གཅུང་པོ་གཅིག་བཅས་སྤུན་མཆེད་གསུམ་ཡོད་འདུག
དམ་པ་ཁོང་གི་ཨ་མར་མཚོན་ན། གད་ཁ་ཚང་གི་ཁྱིམ་རྒྱུད་ཡིན་ཞིང་། ཕྱི་ལོ་ ༡༩༥༩ རྗེས་གད་ཁའི་བཀྲ་ལོས་གཙོས་ཁོང་གི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་རྒྱ་དམར་གཞུང་གི་བཙོན་ཁང་དུ་བཅུག་སྟེ་འདས་གྲོངས་ཕྱིན་པ་དང་། དེ་བཞིན་གད་ཁ་ཚང་གི་མཁས་གྲུབ་ལགས་ཀྱང་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་ཏེ་སྤྱན་ཡ་གཅིག་ལོང་བ་ཆགས་མཐར། ལོ་རབས་བརྒྱད་ཅུའི་ནང་ཁོང་ཡང་འདས་གྲོངས་སུ་ཕྱིན་འདུགཕྱི་ལོ་ ༡༩༩༢ ལོར་རང་བཙན་བློ་དགའ་ལགས་དམ་པ་དེ་དང་རོགས་པ་ཁག་གཅིག་ཤར་ཁུམ་བུ་བརྒྱུད་བཙན་བྱོལ་དུ་ཕེབས་འབྱོར་རྗེས། བལ་ཡུལ་སྣེ་ལེན་ཁང་ནས་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཤར་གཏོང་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། མི་ལོ་བཅུ་གསུམ་རིང་ནང་བསྟན་ལ་ཐོས་བསམ་སློབ་གཉེར་གནང་ཡོད་འདུག་ལ། གྲྭ་ཚང་དང་ཏྲེ་ཧོར་ཁམས་ཚན་གྱི་ལས་སྣེའི་འགན་ཁུར་སྣ་ཚོགས་ཁུར་མྱོང་འདུག
དེ་རྗེས་ཕྱི་ལོ་ ༢༠༠༦ ཙམ་ལ་ཨ་རིར་ཕེབས་ཏེ། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ས་གནས་མདོ་ཁམས་ཆུ་སྒང་དྲུག་གི་རྒྱུན་ལས་ཀྱི་ལས་ཁུར་བླངས་མྱོང་འདུག་ལ། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ནེའུ་ཡོཀ་དང་ནེའུ་ཇེར་སིའི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཐོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་གྱི་ཕྱི་དྲོར། རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་གཏོང་བཞིན་པ་དེའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ཅེས་དང་། ང་ཚོ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་དགོས་པའི་ཞལ་ཆེམས་བཞག་སྟེ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་ཀྱིས། དེ་ཉིན་གྱི་དགོང་མོར་ནེའུ་ཡོག་གྲོང་ཁྱེར་གྱི་ Bellevue Hospital སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུགང་ཚོས་རང་བཙན་བློ་དགའ་ལགས་དམ་པ་དེ་ཉིད་ཀྱིས་མཚོན་པའི་བོད་སྤྱི་དོན་ཆེད་སྐུ་སྲོག་ཤོར་བའི་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་དང་། ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད་ལ། ཁོང་རྣམ་པའི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་སྟེ་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་སོང་།
དེ་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་གཙོས་པའི་བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམ་པར་མྱ་ངན་རྗེས་དྲན་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་བྱེད་ཆེད། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་ལས་བྱེད་ཡོངས་དང་། དེ་བཞིན་དྷ་ས་ཁུལ་གྱི་བོད་མི་རྣམས་དང་དགེ་འདུན་པ་དང་བཙུན་མ། དེ་བཞིན་སློབ་ཕྲུག ཕྱི་རྒྱལ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་༥༠༠༠་ལྷག་གིས་གཙུག་ལག་ཁང་ནས་དྷ་ཤོད་ཉེན་རྟོགས་པའི་ཐང་བར་ཞི་བའི་གོམ་བགྲོད་གནང་སོང་།
ཞི་བའི་གོམ་བགྲོད་གནང་སྐབས། བོད་མི་སྐྱིད་སྡུག་མཉམ་མྱོང་ཅེས་པ་དང་བོད་རང་བཙན་ཞེས་པའི་འཕྲེད་དར་ཆེན་པོ་གཉིས་འཁྱེར་འདུག དེ་ནས་བོད་ལ་རང་དབང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་ནི་རང་བཙན་ཡིན། བློ་དགའ་རང་བཙན་བོད་རང་དབང་ཆེད་དུ་གྲོངས་པ་རེད། བློ་དགའ་རང་བཙན་ལ་དྲང་བདེན་དགོས། མཉམ་འབྲེལ་རྒྱལ་ཚོགས་གཉིད་སད། བོད་མིའི་རིགས་གཞུང་དང་ངོ་བོ་སྲུང་སྐྱོབ་དགོས། ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་བ། བོད་རང་བཙན། བོད་རང་བཙན་རྒྱལ་ལོ། བློ་དགའ་རང་བཙན་རྒྱལ་ལོ། ལོངས་ཤོག་ལོངས་ཤོག་བོད་མི་ཚོ། མཐུན་སྒྲིལ་ནི་ང་ཚོའི་སྟོབས་ཤུགས་ཡིན། ཞེས་སོགས་སྐད་འབོད་གནང་སོང་།
ཞི་བའི་གོམ་བགྲོད་གནང་ནས་ཉིན་གུང་ཆུ་ཚོད་༡།༣༠ ཐོག དྷ་ས་ཉེན་རྟོག་ཐང་ཆེན་དུ་འབྱོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཞི་བའི་གོམ་བགྲོད་ཀྱ་ིམཇུག་བསྡོམས་མཛད་སྒོ་གོ་སྒྲིག་གནང་འདུག མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དྷ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཤམ་ཤེར་སིངྒ་ནེཧ་རི་ཡ་ (Shamsher Singh Nehria) ལགས། དྷ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཏ་ནེཧ་རི་ཡ་ (Ajit Nehria) ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་བཅས་ནས་གསུང་བཤད་གནང་བ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shanta Kumar) མཆོག་གི་གསུང་འཕྲིན་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ནས་སྙན་སྒྲོན་གནང་སོང་།
དེ་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་སྲོག་ཤོར་བའི་བདུན་ཚིགས་བདུན་པའི་ཐོག་བཀའ་ཤག་གི་གསུང་བཤད་སྲིད་སྐྱོང་མཆོག་གིས་གནང་དོན། དེ་རིང་། རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱིས། རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་གཏོང་བཞིན་པ་དེའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ཅེས་དང་། ང་ཚོ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་དགོས་པའི་ཞལ་ཆེམས་བཞག་སྟེ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་པའི་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད།
དེར་བརྟེན། བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་བྱས་ཏེ། དཔའ་བོ་དམ་པ་དེ་ཉིད་དང་། བོད་ཀྱི་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད། རྒྱ་དམར་གཞུང་གི་བོད་ལ་འཛིན་པའི་གདུག་རྩུབ་ཀྱི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་ངོ་རྒོལ་མཚོན་ཆེད། མཆོད་འབུལ་སྨོན་ལམ་དང་། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་གྱི་ཡོད།
རྒྱ་དམར་གཞུང་གིས་གཞིས་ལུས་བོད་མི་ཚོར་མི་རིགས་རྩ་གཏོར་གྱི་སྲིད་བྱུས་རྒྱུན་མཐུད་སྤེལ་བཞིན་པར་རྒྱལ་སྤྱིའི་དོ་སྣང་འདྲེན་ཆེད། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་དུ་ཤེས་རྟོགས་བྱུང་བའི་བོད་མི་ ༡༥༧ ནས་རང་ལུས་མེར་སྲེག་བཏང་སྟེ། འདས་གྲོངས་གྱུར་པ་མི་གྲངས་ ༡༣༦ དང་། སྐུ་འཚོ་བཞུགས་ཡོད་པ་ ༩། གནས་སྟངས་གསལ་པོ་མེད་པ་ ༡༢ བྱུང་ཡོད། བཙན་བྱོལ་ནང་བློ་དགའ་རང་བཙན་དམ་པ་དེ་ཉིད་ཚུད་པའི་བོད་མི་ ༡༡ ནས་རང་ལུས་མེར་སྲེག་བཏང་སྟེ། འདས་གྲོངས་སུ་ཕྱིན་པ་མི་གྲངས་ ༩ དང་། སྐུ་འཚོ་བཞུགས་ཡོད་པ་ ༢ བྱུང་ཡོད།
བོད་ཕྱི་ནང་གཉིས་ཀར་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དཔའ་རྒོད་སུ་ཞིག་གིས་ཀྱང་། བོད་དང་བོད་མིའི་བདེ་སྡུག་ལ་རྒྱ་དམར་གཞུང་དང་རྒྱལ་སྤྱིའི་དོ་སྣང་འདྲེན་པའི་ཀུན་སློང་བཅངས་ཏེ་སོ་སོའི་མི་ལུས་རིན་པོ་ཆེ་མེར་སྲེག་བཏང་བ་མ་གཏོགས། གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྐྱོན་བཏང་རིགས་གཏན་ནས་བྱུང་མེད་པས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ ཉིན་དམིགས་བསལ་ཚོགས་ཆེན་ཐོག རང་ལུས་མེར་སྲེག་གི་ལས་འགུལ་ནི་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་སུ་ངོས་འཛིན་བྱས་ཡོད་ལ། “བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ།” ཞེས་གྲོས་ཆོད་བཞག་པ་ལྟར། བོད་མི་ཚོས་མི་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ལ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་སྙིང་ལ་བཅངས་ཏེ་འབད་བརྩོན་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱི་སྐུ་སྲོག་ཤོར་རྗེས། འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་། བོད་ཀྱི་གྲོགས་པོ་ཚོས་དམ་པ་དེ་ཉིད་ལ་རྗེས་དྲན་དང་། རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་པ་དང། དེ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་རྣམ་པ་ཐོན་དང་ཐོན་བཞིན་པར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་གནས་ཚུལ་རྒྱ་ཁྱབ་ཏུ་འགོད་སྤེལ་གནང་དང་གནང་བཞིན་པ་བཅས་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་། ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་འདི་རིགས་དུས་དང་རྣམ་པ་ཀུན་ཏུ་གཞིས་བྱེས་བོད་མི་ཐུན་མོང་ནས་སྤྱང་གྲུང་དོད་པོ་དང་། རྣམ་དཔྱོད་རྩལ་སྤྲུགས། གདུང་ཤུགས་ཆིག་སྒྲིལ་གྱི་སྒོ་ནས་གདོང་ལེན་མཐར་སྐྱེལ་བྱེད་དགོས་པ་ཡིན། ཞེས་སོགས་གསུངས་སོང་།
དེ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཚོགས་གཙོ་མཆོག་ནས་གནང་དོན། དེ་རིང་འདིར་ཞི་བའི་གོམ་བགྲོད་ལ་ཕེབས་མཁན་རྣམ་པ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཏེ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུའི་ཉིན་གཉིས་པ་སྟེ་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་རང་དབང་རང་བཙན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་ཏེ་དེ་རིང་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད་པ་ལྟར། དམ་པ་དེ་ཉིད་དང་བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམ་པར་གུས་འདུད་ཞུ་རྒྱུ་དང་། བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞུས་པ་དང་། དེ་རྗེས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་བ་རེད།
རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་དམ་པས་རང་ལུས་མེར་བསྲེགས་ཀྱིས་བློས་གཏོང་གནང་བ་འདི་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་། སྲིད་གཞུང་ཁག། མི་མང་བཅས་འཛམ་གླིང་ཡོངས་ལ་བོད་ཀྱི་དཀའ་སྡུག་རྣམས་གསལ་སྟོན་བྱས་ཏེ་རྒྱ་ནག་གཞུང་གིས་སྲིད་བྱུས་ལ་གདོང་ལེན་དང་ངོ་རྒོལ་གྱིས་བོད་ཀྱི་ལོ་རྒྱུས་ནང་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་ལེའུ་གསར་པ་ཞིག་ཆགས་ཡོད། ཅེས་སོགས་གསུངས་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས་ལས་འགུལ་དེ་མཇུག་བསྡུས་གནང་སོང་།