ཕྱི་ལོ་༢༠༢༦ ཟླ་༡༠ པའི་ཚེས་༢༠ ཉིན་སྤེལ། རྒྱ་དམར་སྲིད་གཞུང་གིས་བོད་ནང་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐབས བོད་སྐད་ཡིག་བརྒྱུད་ནས་སློབ་ཁྲིད་གནང་བཞིན་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་། མགོ་ལོག་རྟ་བྲག་སློབ་གྲྭ རྭ་རྒྱ་གྲོལ་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ་བཅས་བསྟུད་མར་བཙན་གྱིས་སྒོ་རྒྱག་བཅུག་འདུག
དེ་ཡང་། རྒྱ་དམར་གཞུང་གིས་བོད་མི་རིགས་དང་སྐད་ཡིག ངོ་བོ། རིག་གཞུང་། ཆོས་བཅས་རྩ་མེད་གཏོང་ཆེད་གདུག་རྩུབ་ཅན་གྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་པ་རེད། དེའི་ཁོངས་སུ་བོད་ཀྱི་སློབ་གྲྭ་ཁག་སྒོ་རྒྱག་རྒྱུ་དང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་གདུང་ཞེན་ཡོད་མཁན་གྱི་མཁས་པ་དང་རྩོམ་པ་པོ། བླ་མ་དང་དགེ་བཤེས། དགེ་རྒན་བཅས་སོགས་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བཙན་ཁྲིད། བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
དང་པོ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ
བོད་ནས་གནས་ཚུལ་ཐོན་པར་ལྟར་ན། ཕྱི་ལོ་༢༠༢༦ ཟླ་༨ ཚེས་༢༧་ཉིན། རྒྱ་དམར་གཞུང་གིས་བཙན་བཀའ་བཏང་ནས་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་སྒོ་བརྒྱབ་འདུག
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནི་བོད་མདོ་སྨད་མགོ་ལོག་ར་རྒྱ་ཁུལ་དུ་ཡོད་ཅིང་། ཕྱི་ལོ་ ༢༠༠༥ ལོར་མཁས་དབང་འཇིགས་མེད་རྒྱལ་མཚན་མཆོག་གིས་འབྲོག་ཁུལ་གྱི་བུ་མོ་ཚོའི་མ་འོངས་པའི་མདུན་ལམ་ཆེད་ཕྱག་བཏབ་འདུག སློབ་གྲྭ་འདིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་དང་དེང་རབས་ཀྱི་ཚན་རིག་ཤེས་བྱ་ཟུང་འབྲེལ་གྱིས་སློབ་ཁྲིད་བྱས་ཏེ། བོད་ཀྱི་བུད་མེད་ཤེས་ཡོན་ཅན་དང་ནུས་པ་ཅན་མང་པོ་སྐྱེད་སྲིང་གནང་འདུག
སློབ་གྲྭ་དེའི་ནང་དུ། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད། བོད་ཀྱི་སུམ་རྟགས་དག་གསུམ་དང་། སྙན་ངག རྩོམ་རིག ལག་ཤེས་དང་སྒྱུ་རྩལ། བོད་ཀྱི་ཐང་ག་འབྲི་བཞེངས་དང་། བོད་པའི་ཐུན་མོང་མ་ཡིན་པའི་འཚེམ་བཟོ་ལག་རྩལ། རྒྱ་ཡིག དབྱིན་ཡིག ཚན་རིག གློག་ཀླད་སོགས་སློབ་ཁྲིད་བྱས་ཡོད་འདུག བུ་མོའི་སློབ་གྲྭ་དེ་སྐད་གྲགས་ཆེན་པོ་ཆགས་ཏེ། བོད་ཀྱི་ཆོལ་ཁ་གསུམ་ནས་བུ་མོ་མང་པོ་དེར་སློབ་གཉེར་བྱེད་ཆེད་ཡོང་ཡོད་འདུག སློབ་མ་བུ་མོ་ཚོའི་སློབ་སྦྱོང་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་རྐྱེན་གྱིས། ཕྱི་ལོ་༢༠༡༣ ལོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་འབྲིང་གི་སློབ་མ་ ༤༢ ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་སློབ་གཉེར་བྱེད་པར་ཚུད་པ་དང་། དེ་བཞིན་སློབ་མ་༢༡ ལ་ཉི་ཧོང་གི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་ཡོད་འདུག སྐབས་དེ་དུས་སློབ་གྲྭ་དེར་ཁྱོན་སློབ་མ་ ༥༠༠ ཡོད་འདུག
རྒྱ་ནག་གཞུང་གིས་བཙན་དབང་གི་སྒོ་ནས་རྒྱ་སྒྱུར་བྱེད་པའི་སྲིད་ཇུས་དྲག་པོ་ལག་བསྟར་བྱས་ཏེ། ར་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པའི་སྒེར་བཙུགས་སློབ་གྲྭ་རྣམས་རིམ་བཞིན་སྒོ་བརྒྱབ་ཡོད། ཁོང་གི་ཕྱི་ལོ་༡༩༩༤་ལོར་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་པ་དེ་ཕྱི་ལོ་༢༠༢༤་ཟླ་༧་པའི་བཙན་གྱིས་སྒོ་བཅུག སློབ་གྲྭ་དེའི་ནང་འབྲོག་པ་དང་ཞིང་པའི་རྒྱབ་ལྗོངས་ལྡན་པའི་སློབ་མ་ ༢,༢༥༩ ལྷག་ལ་ལོ་ངོ་སུམ་ཅུའི་རིང་རིན་མེད་དུ་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སྤྲད་འདུག
གཉིས་པ། རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་ཨང་གཉིས་པ།
ཕྱི་ལོ་༢༠༢༦་ཟླ་༩ པའི་ནང་། བོད་མདོ་སྨད་མགོ་ལོག་རྨ་ཆེན་རྫོང་གི་རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་ཨང་གཉིས་པ་རྒྱ་གཞུང་གིས་བཙན་གྱིས་སྒོ་བརྒྱབ་འདུག
ཉེ་ཆར་བོད་ནས་གནས་ཚུལ་ཐོན་པར་ལྟར་ན། རྒྱ་གཞུང་གིས་བཙན་བཀའ་བཏང་ནས་རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་ཨང་གཉིས་པ་སྒོ་བརྒྱབ་བཅུག་འདུག སློབ་གྲྭ་དེ་ནི་ཕྱི་ལོ་༡༩༩༥་ལོར་འབྲོག་པ་དང་ས་གནས་མི་མང་གིས་རྒྱུ་དངོས་བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། སློབ་གྲྭ་དེའི་མིང་ལ་ཇ་སག་གྲོང་ཚོའི་སློབ་གྲྭ་ཞེས་བཏགས། དམིགས་ཡུལ་གཙོ་བོ་ནི་དབུལ་ཕོངས་དང་འབྲོག་ཁུལ་གྱི་བུ་ཕྲུག་ཚོར་སློབ་གསོའི་གོ་སྐབས་སྤྲོད་རྒྱུ་དེ་ཡིན་འདུག དེ་ནས་ཕྱི་ལོ་༢༠༠༨་ལོར་རྒྱ་གཞུང་གི་ཤེས་ཡོན་སྲིད་ཇུས་འགྱུར་བའི་འོག་རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་ཨང་གཉིས་པ་ཞེས་མིང་བསྒྱུར་དགོས་བྱུང་།
སློབ་གྲྭ་འདི་ནི་གཞུང་བཙུགས་སློབ་གྲྭ་ཁག་ལས་བསྡུར་ན་རྒྱ་ཁྱོན་ཆུང་བ་ཡོད་ནའང་། སློབ་གསོའི་གྲུབ་འབྲས་ཐོག་ལ་མངོན་གསལ་དོད་པོའི་གྲུབ་འབྲས་ཐོན་ཡོད་འདུག སློབ་གྲྭ་འདིའི་ནང་བོད་ཀྱི་སྐད་ཡིག་ཐོག་ནས་རྩིས་རིག་པ་དང་། ཚན་རིག བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྒྱུ་རྩལ་བཅས་ཀྱི་ཐོག་ལ་སྤུས་ཚད་མཐོ་བའི་སློབ་ཁྲིད་གནང་བཞིན་ཡོད་པས། སློབ་མ་ཚོར་བོད་ཡིག་གི་རྨང་གཞི་ཤིན་ཏུ་བརྟན་པོ་ཞིག་ཆགས་ཐུབ་པ་བྱུང་ཡོད་པ་མ་ཟད། ཁོང་ཚོའི་སློབ་སྦྱོང་གི་གྲུབ་འབྲས་ལ་བརྟེན་ནས་མགོ་ལོག་ས་གནས་སུ་སྙན་གྲགས་ཀྱང་ཐོབ་ཡོད་འདུག
ཕྱི་ལོ་ ༢༠༢༡ ལོའི་རྗེས་སུ། རྒྱ་ནག་གཞུང་གིས་བོད་ནང་དུ། "རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ (རྒྱ་སྐད་དང་རྒྱ་ཡིག་) སྲིད་ཇུས་" ལག་བསྟར་ཤུགས་ཆེ་རུ་བཏང་བ་དང་ལྷན་དུ། རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་ཨང་གཉིས་པ་དེ་ཉིད་ས་གནས་དེའི་བོད་ཡིག་ཐོག་ནས་སློབ་ཁྲིད་བྱེད་མཁན་གྱི་སྒེར་བཙུགས་སློབ་གྲྭ་གཞན་པ་བཞིན། རྩ་བ་ནས་བཅོས་སྒྲིག་བྱེད་དགོས་པའི་གནས་སྟངས་འོག་ཚུད། སློབ་གྲྭའི་འཛིན་སྐྱོང་གི་དབང་ཆ་རིམ་བཞིན་གཞུང་གིས་རྩིས་ལེན་བྱས་པ་མ་ཟད། སློབ་གྲྭའི་ངོ་བོ་དེ་སྒེར་བཙུགས་ནས་སྒེར་གཉེར་གཞུང་རོགས་ཀྱི་ལམ་ལུགས་ལ་བཙན་གྱིས་བསྒྱུར་བཅུག་ཡོད། དེ་བཞིན་སློབ་ཚན་གྱི་སྒྲོམ་གཞི་དང་སློབ་ཁྲིད་ཀྱི་ཚད་གཞི་རྣམས་ཀྱང་། རྒྱ་སྐད་རྐྱང་པའི་ཐོག་ནས་སློབ་ཁྲིད་བྱེད་སའི་དཀྱུས་མའི་གཞུང་བཙུགས་སློབ་གྲྭའི་དཔེ་གཞི་དང་མཐུན་ཐབས་སུ་བཙན་དབང་གིས་བཟོ་བཅོས་བརྒྱབ་ཡོད་འདུག
སློབ་གྲྭ་འདིས་གནས་སྟངས་ལ་བསྟུན་མཁས་ཀྱིས་རྒྱ་སྐད་ཐོག་ནས་སློབ་ཁྲིད་བྱེད་རྒྱུར་བསྒྱུར་བཅོས་བྱས་ཟིན་ནའང་། ས་གནས་ཀྱི་སྒེར་གཉེར་མི་རིགས་ཀྱི་སློབ་གསོ་རྩ་མེད་བཟོ་ཆེད་རྒྱ་ནག་གཞུང་གིས་ཤུགས་ཆེན་པོས་སྤེལ་བཞིན་པའི་ “སློབ་གྲྭ་སྒོ་རྒྱག་པ་དང་ཟླ་སྒྲིལ་གཏོང་བ།" བཅས་དང་། “གཅིག་སྡུད་བཅའ་སྡོད།” ཀྱི་རྒྱུན་རླབས་ལས་ཐར་ཐུབ་མེད། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༩ པའི་ནང་། རྒྱ་གཞུང་གིས་སློབ་གྲྭ་འདི་གཏན་དུ་སྒོ་བརྒྱབ་པ་དང་། དེར་ཡོད་པའི་སློབ་མ་ཚང་མ་གཞུང་གི་གཅིག་གྱུར་འཛིན་སྐྱོང་འོག་ཡོད་པའི་གཞུང་བཙུགས་བཅའ་སྡོད་སློབ་གྲྭ་ཆེན་པོ་ཁག་ཏུ་བཙན་གྱིས་གནས་སྤོར་བྱས་ཡོད་འདུག
གསུམ་པ། མགོ་ལོག་རྟ་བྲག་སློབ་གྲྭ
ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༡༠ པའི་འགོ་སྟོད་དུ། རྒྱ་ནག་གཞུང་གིས་བོད་མགོ་ལོག་ས་ཁུལ་རྨ་ཆེན་རྫོང་དུ་ཡོད་པའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ཞེས་པའི་བོད་པའི་སློབ་གསོའི་བསྟི་གནས་གཞན་ཞིག་ཀྱང་རྒྱ་གཞུང་གིས་བཙན་དབང་གིས་སྒོ་བརྒྱབ་བཅུག་འདུག ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་། རྒྱ་ནག་གཞུང་གིས་སློབ་གྲྭ་འདིའི་བོད་ཡིག་གི་སློབ་དེབ་མཐའ་དག་རྒྱ་ཡིག་གི་པར་གཞིར་བསྒྱུར་དགོས་པའི་གནོན་ཤུགས་སྤྲད་ཡོད་ཅིང་། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་སློབ་གྲྭ་འདིར་སློབ་མ་གསར་བསྡུ་བྱེད་རྒྱུ་གཏན་འགོག་བྱེད་དགོས་པའི་གཞུང་འབྲེལ་བཀའ་རྒྱ་བཏང་འདུག ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ པའི་ནང་སློབ་མ་མཐར་ཕྱིན་པའི་མཛད་སྒོ་མཐའ་མ་དེ་སྤེལ་ཡོད་འདུག དེའི་རྗེས་སུ་གཞུང་གི་བཀའ་རྒྱའི་འོག་སློབ་ཁྲིད་ཀྱི་བྱ་བ་ཡོངས་རྫོགས་མཚམས་འཇོག་བྱས་དགོས་བྱུང་འདུག
ཕྱི་ལོ་༢༠༢༦ ལོའི་ཟླ་ ༩ པའི་ཚེས་ ༢ ཉིན། སློབ་སྤྱི་ཐུབ་བསྟན་ཉི་མ་ལགས་ཀྱིས་དྭ་ཕྲུག་༣༠༠ སྐོར་ལ་སེམས་འགུལ་ཐེབས་པའི་གྱེས་བའི་གསུང་བཤད་དང་། མིག་ཆུ་གཏོང་བཞིན་ལས་དང་སྐལ་བ་ལྡན་ན་ང་ཚོ་སླར་ཡང་མཉམ་འཛོམས་ཡོང་བའི་སྨོན་ལམ་ཞེས་མཐའ་མའི་གླུ་ཞིག་བཏང་འདུག སློབ་མ་དེ་དག་གཞུང་གཉེར་གྱི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་ཞུགས་སུ་བཅུག་ཅིང་། ཁོང་ཚོར་སློབ་ཚན་མཐའ་དག་རྒྱ་སྐད་རྒྱ་ཡིག་རྐྱང་པའི་ཐོག་ནས་སྦྱང་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། གཞུང་གི་ངེས་པར་སྦྱང་དགོས་པའི་ཆབ་སྲིད་ལྟ་བའི་སློབ་ཚན་ཁག་ཀྱང་བཙན་གྱིས་ཉན་བཅུག་གི་ཡོད། འདིས་ཁོང་ཚོ་རང་ཉིད་ཀྱི་ཕ་སྐད་མ་ཡིག་སྟེ་བོད་ཡིག་གི་ལམ་ནས་སློབ་གསོ་མྱོང་བའི་གོ་སྐབས་དང་གཏན་དུ་ཁ་བྲལ་དུ་བཅུག་ཡོད།
སློབ་མ་ཁ་ཤས་ལ་ས་གནས་ཀྱི་ཐོ་ཁོངས་ལམ་ལུགས་ཀྱི་དམ་དྲག་བཀག་རྒྱའི་རྐྱེན་གྱིས། ས་གནས་དེའི་གཞུང་བཙུགས་སློབ་གྲྭར་འཛུལ་ཞུགས་བྱེད་ཐབས་མེད་པ་རེད། སློབ་མ་དེ་དག་ཐག་རིང་བའི་འབྲོག་ཁུལ་ས་ཆར་ཕྱིར་ལོག་བྱེད་དགོས་བྱུང་ཡོད་འདུག ལྷག་པར་དུ་དྭ་ཕྲུག་རྣམས་ནི། ལྟ་རྟོག་བྱེད་མཁན་གྱི་ཁྲིམས་མཐུན་བདག་པོ་མེད་པར་བརྟེན་ད་ལྟ་སྐྱབས་མེད་མགོན་མེད་ཀྱི་གནས་སུ་ལྷག་ཡོད་འདུག
དྭ་ཕྲུག་སློབ་གྲྭ་འདི་ནི་ཕྱི་ལོ་༢༠༠༦ ལོར་སྐུ་གཤེགས་དམ་པ་སྨན་པ་རྟ་བོ་བློ་བཟང་དཔལ་ལྡན་ལགས་ཀྱིས་འགོ་འཛུགས་གནང་། དེ་ནས་ཐུབ་བསྟན་ཉི་མ་ལགས་ཀྱིས་འགན་ཁུར་གནང་ནས་སློབ་སྤྱི་གནང་འདུག སློབ་གྲྭ་འདིས་དྭ་ཕྲུག་བྱིས་པ་ཚོར་རིན་མེད་ཀྱི་སློབ་གསོ་དང་། སྡོད་ས། བཟའ་བཏང་བཅས་ཀྱི་མཐུན་རྐྱེན་སྦྱར་ཡོད་པ་མ་ཟད། རང་གི་བུ་ཕྲུག་ལྟར་བྱམས་པས་སྐྱངས་ཏེ་སློབ་གྲྭ་འདི་ནས་མཐར་ཕྱིན་པའི་སློབ་མ་ཚོར་མུ་མཐུད་ནས་མཐོ་རིམ་སློབ་གསོ་འགྲིམ་རྒྱུར་ཡང་རྒྱབ་སྐྱོར་དང་རོགས་རམ་གནང་འདུག སློབ་གྲྭ་འདི་ནས་ཐོན་པའི་སློབ་མ་ཁག་ནི་སློབ་སྦྱོང་གི་གྲུབ་འབྲས་ལེགས་པོ་ཐོབ་ནས་རྒྱ་ནག་གི་སློབ་ཆེན་ཁག་ཏུ་འགྲེམས་ཐུབ་ཡོད་པ་མ་ཟད། ད་ལྟར་ལས་གནས་འདྲ་མིན་ཐོག་ལས་ཀ་བྱེད་བཞིན་ཡོད་འདུག
ཕྱི་ལོ་༢༠༡༩ ལོར་དྭ་ཕྲུག་སློབ་གྲྭ་འདིར་སློབ་མ་ ༤༢༠ ལྷག་དང་ལས་བྱེད་༤༢ ཡོད་འདུག སློབ་གྲྭའི་ར་བའི་ནང་ཉལ་ཁང་༡༡ དང་སློབ་ཁང་༣ ཡོད་ཅིང་། དེའི་ནང་དུ་སློབ་ཆུང་དང་། དེ་བཞིན་རྩེད་ཐང་ཞིག་དང་དཔེ་མཛོད་ཁང་ཞིག་ཀྱང་ཡོད་འདུག