ཕྱི་ལོ་༢༠༢༦ ཟླ་༨ ཚེས་༢༧ ཉིན། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག རྒྱ་གར་རྒྱལ་ཡོངས་ས་གནས་ཁག་༡༥ ནས་ཕེབས་པའི་བོད་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་༡༥ དང་དྲུང་ཆེ་༡༥ བཅས་༣༠ མཉམ་བཞུགས་གནང་ནས་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༢༥ དྷ་སར་དབུ་འཛུགས་གནང་སོང་། ཚོགས་ཆེན་འདི་ནི་ཚེས་༢༧ ནས་་༣༠ བར་འཚོགས་འཆར་ཡོད་འདུག
དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༩།༣༠ ཐོག བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༢༥་པ་དབུ་འབྱེད་གནང་བའི་མཛད་སྒོ་ཤིག་ཚོགས་སོང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག སྐུ་མགྲོན་གཞན་ནི། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམས་ཞིབ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ལགས་དང་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ་བཅས་༣༠་མཉམ་ཞུགས་གནང་སོང་།
ཐོག་མར། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་སོང་། དེ་ནས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་ཕུལ་སོང་། སྐུ་མགྲོན་རྣམས་ཀྱིས་རིམ་པས་སྐུ་པར་མཇལ་དར་སྒྲོན་འབུལ་ཞུས་སོང་། དེ་ནས་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་གཙོས་པས་རྒྱལ་གཅེས་པ་རྣམས་ཀྱི་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་གནང་སོང་།
དེ་རྗེས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་ཚོགས་འདུའི་ངོ་སྤྲོད་གནང་དོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དུས་ནས་དུས་སུ་གནང་བ་དང་། བོད་མི་རིགས་རྒྱུན་གནས་ཐུབ་ཐབས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་ཡོང་ཆེད་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་མ་ཐག་བོད་མི་ཁེར་རྐྱང་གི་གཞིས་ཆགས་ལས་གཞི་འཛུགས་སྐྲུན་དང་། གཞིས་ཆགས་སྲ་བརྟན་ཡོང་སླད་ཁྲིམས་མཐུན་ཐོག་མཉམ་འབྲེལ་དེབ་སྐྱེལ་གནང་སྟེ་བཙན་བྱོལ་གཞིས་མི་མང་ཚོགས་ལ་འཚོ་བའི་མདུན་ལམ་གསར་པ་ཞིག་འགོ་འཛུགས་ཐུབ་པ་བྱུང་ཡོད།
ཕྱི་ལོ་༢༠༠༥ལོར་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔ་ལས་གྲུབ་པའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཞེས་པ་རྒྱ་གར་དབུས་མཉམ་འབྲེལ་ཁོངས་སུ་དེབ་སྐྱེལ་བྱས་ཡོད་པའི་དེབ་སྐྱེལ་གྱི་ཨང་ནི། (MTCS/CR/223/05)ཡིན། ཕྱི་ལོ་༢༠༠༥ ཟླ་ ༤ ཚེས་ ༢༠ ཉིན་མཉམ་འབྲེལ་འདི་དག་ཚགས་ཚུད་གོང་འཕེལ་ཡོང་ཆེད་བཀའ་ཤག་སྐབས་༡༢པའི་སྲིད་བྱུས་དང་ལམ་སྟོན་གཞིར་བཟུང་ཐོག་བོད་མིའི་མཉམ་འབྲེལ་བཅོ་ལྔའི་ཐུན་མོང་གི་སྒྲིག་འཛུགས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་གནས་ཏེ་ཚོགས་སྡེ་འདིའི་ཁོངས་སུ་གཞིས་ཆགས་ཁག་གི་མཉམ་འབྲེལ་༡༥ཡོད་པ་དེ་དག་གིས་གཅིག་ཕན་གཅིག་གྲོགས་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་སུ་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་ལས་རིགས་སྣ་ཚོགས་བསྐྲུན་ཆེད་ཤེར་བདག་མཉམ་འབྲེལ་ཁག་བཅོ་ལྔའི་ཁོངས་བོད་མི་ཉིས་ཁྲི་སུམ་སྟོང་བརྒལ་བར་ཕན་ཐོགས་པ་བྱུང་ཡོད།
ཕྱི་ལོ་༢༠༠༦ ལོ་ནས་བཟུང་ཤེར་བདག་ས་གནས་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་འགན་ཁུར་བ་མཉམ་དྲུང་རྣམས་ཀྱི་གསོལ་ཕོགས་ད་ཕན་ཧིན་སྒོར་(༤༤༠༧༡༣༥༡།༩༧) ས་ཡ་ཞེ་བཞི་དང་བདུན་ཁྲི་གཅིག་སྟོང་སུམ་བརྒྱ་ལྔ་བཅུ་ང་གཅིག་དང་། ཚོགས་གཙོའི་མཚན་དོད་ཕུལ་བ་ཧིན་སྒོར་(༤༡༥༥༤༥༠།༠༠) ས་ཡ་བཞི་དང་གཅིག་འབུམ་ལྔ་ཁྲི་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་ལྷག་སྤྱི་མཐུན་མཉམ་འབྲེལ་ནས་ཁྱོན་བསྡོམས་ཧིན་སྒོར་(༤༨༢༢༦༨༠༡།༩༧) ས་ཡ་བཞི་བཅུ་ཞེ་བརྒྱད་དང་ཉིས་འབུམ་ཉིས་ཁྲི་དྲུག་སྟོང་བརྒྱད་བརྒྱ་བཅུ་མེད་གཅིག་ལྷག་ཤེར་བདག་མཉམ་འབྲེལ་བཅོ་ལྔ་ལ་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འཛུགས་བསྐྲུན་སྟངས་འཛིན་བྱེད་བཞིན་པའི་ལས་རིགས་འདྲ་མིན་གྱི་སྡེ་ཚན་ཁག་ལྔའི་ནང་ལས་བྱེད་གྲངས་༡༢༦ ཡོད་པ་དང་། ས་གནས་མཉམ་འབྲེལ་ཁག་གི་ནང་ཁྱོན་ལས་བྱེད་༣༡༠ ལྷག་བྱུང་ཡོད། ཁྱོན་བསྡོམས་ལས་བྱེད་གྲངས་ ༤༣༦ ཡོད། ཅེས་སོགས་འགྲེལ་བརྗོད་གནང་སོང་།
དེ་ནས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་མཉམ་འབྲེལ་ཆེས་མཐོའི་ཤེས་ཡོན་བྱ་དགའ་ཕྱི་ལོ་ ༢༠༢༦ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་བརྒྱ་ཆ་རྩེ་ཕུད་སོན་པའི་ཤེར་བདག་སློབ་མ་གཅིག་ལ་ཕྱག་འཁྱེར་དང་གཟེངས་རྟགས་མཇལ་དར་གནང་རྗེས། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་དྲ་ཚིགས་གསར་པ་དབུ་འབྱེད་གནང་སོང་།
དེའི་རྗེས། ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་བའི་གནས་སྟངས་དཀའ་ངལ་ཆེ་བའི་དུས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག མི་རབས་རྒན་པ་ཚོས་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། མཉམ་ལས། ལྷག་བསམ་རྣམ་དག་གི་ཐོག་ནས་སྐུ་ལས་བསྐྱོན་ཏེ། བོད་མིའི་མཉམ་འབྲེལ་ཞེས་པ་ཐོག་མར་གསར་འཛུགས་གནང་བའི་སྐོར་དང་འབྲེལ་ཏེ། མཉམ་འབྲེལ་ནང་འགན་ཁྱེར་མཁན་སུ་འདྲ་ཞིག་སླེབས་རུང་། མཉམ་འབྲེལ་གྱི་དམིགས་ཡུལ་ངེས་པར་དུ་ཤེས་དགོས་པ་དེ་གལ་ཆེན་པོ་ཡིན།
དེ་ནས་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་གསུང་བཤད་གནང་དོན། མཉམ་འབྲེལ་ངོས་ནས་གཞོན་སྐྱེས་མང་པོ་ཞིག་ལས་ཀ་སྤྲོད་ཐབས་གནང་དགོས་པ་གལ་ཆེན་ཡིན་པ་དང་། ས་གནས་མཉམ་འབྲེལ་འགའ་ཞིག་ཏུ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ལས་དོན་མ་བྱས་པའི་རྒྱུ་རྐྱེན་ཀྱིས་དཀའ་ངལ་འཕྲད་པ་རེ་བཟུང་ཡོང་གི་ཡོད་པས། གཙོ་བོ་ལས་བྱེད་རྣམས་ནས་སྤྱི་པའི་ལས་དོན་ལ་ལྷག་བསམ་རྣམ་དག་དང་། ལས་དོན་གང་ཞིག་ཡིན་རུང་དེར་འཐུས་ཤོར་མ་ཡོང་སླད་ཐག་གཅོད་ལེགས་པོ་གནང་དགོས་པ་དང་། དེ་བཞིན་སྔར་འཕྲད་པའི་དཀའ་ངལ་དང་འཐུས་ཤོར་ཁག་ལ་དཔེར་བླངས་ནས་དེབ་སྐྱེལ་ཞུས་པའི་ཚོགས་པ་ཁག་གིས་རྒྱ་གར་གྱི་ཁྲིམས་དང་མ་འགལ་བར་ལས་དོན་གནང་དགོས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
མཐའ་མར། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་ཐུགས་རྗེ་ཆེའི་གཏམ་བཤད་གནང་རྗེས། དབུ་འབྱེད་མཛད་སྒོ་གྲོལ་སོང་། ཚོགས་ཆེན་འདི་ནི་ཚེས་༢༧ ནས་་༣༠ བར་འཚོགས་འཆར་ཡོད་འདུག