ཕྱི་ལོ་༢༠༢༦ ཟླ་༥ ཚེས་༡༣ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སོང་། ཐེངས་འདིར་ཆོལ་ཁ་དང་ཆོས་བརྒྱུད། ཨ་རི་དང་ཡུ་རོབ། ཨོ་གླིང་བཅས་ནས་སྤྱི་འཐུས་གསར་པ་༡༧ སླེབས་འདུག དངོས་གཞིའི་འོས་བསྡུའི་ནང་འོས་འཕེན་པ་གྲངས་ ༤༡༦༣༨ བྱུང་ཡོད་ཅིང་། དེའི་ཁོངས་འོས་ཤོག་རྩིས་མེད་གྲངས་ ༥༧༠ བྱུང་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོར་ཆུ་ཚོད་ ༡༡ ཐོག གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་སྣང་ས་ཆོས་སྒྲོན་ལགས། དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་བཅས་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སོང་།
ཐོག་མར། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསུང་དོན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་ཆེ་བ་བཞིན། བྱེས་འཁོད་བོད་མི་རྣམས་ནས་མང་གཙོའི་ལམ་བཟང་ལོངས་སུ་སྤྱོད་བཞིན་པ་ལྟར་གྱི་དབུས་འོས་བསྡུ་ལས་ཁང་ནས་བཅའ་སྒྲིག་དགོངས་དོན། ཕྱི་ལོ་ ༢༠༢༥་་་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང༌། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༧ ནས་དངོས་སུ་འགོ་འཛུགས་ཞུས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་བསྡུ་ཆེན་མོ་བཅས་ལས་དོན་ཁག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་ཐོག་མཐའ་བར་གསུམ་དྲང་བདེན་དང་། འདྲ་མཉམ། རང་དབང་ངང་ལེགས་གྲུབ་ཐུབ་པ་བྱུང་བར། ས་གནས་འོས་བསྡུ་ལས་ཁང་ཁག་གི་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་རོགས། ཚོགས་མི། གཟུ་དཔང་། ལས་བྱེད། དང་བླངས་བཅས་ནས་ཕྱར་གྲུ་མཉམ་འདེགས་དང་ཧུར་སྐྱེད་གནང་བར་དབུས་འོས་བསྡུ་ལས་ཁང་ནས་བསྔགས་བརྗོད་དང་། འོས་འཕེན་པ་རྒྱ་ཆེ་མང་ཚོགས་ལ་ལེགས་གསོལ་ཞུ་རྒྱུ་ཡིན། ཞེས་དང་།
ཁོང་གིས་མུ་མཐུད་ནས་གསུང་དོན། འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་འཛམ་གླིང་རྒྱལ་ཁབ་ཁག་༢༧ ནང་ས་གནས་འོས་བསྡུ་ལས་ཁང་༨༧ ནས་འགན་འཁུར་འོག འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་༣༠༩ ནང་དབུས་དང་ས་གནས་འོས་བསྡུའི་ཚོགས་མི་དང་། གཟུ་དཔང༌། ལས་བྱེད་གྲངས་༡༧༣༧ བཅས་ནས་ཕྱར་གྲུ་མཉམ་འདེགས་དང་ངལ་བ་ཁྱད་བསད་ཀྱིས་འོས་བསྡུའི་ལས་དོན་ཡོངས་རྫོགས་སྒྲིག་མཐུན་ལེགས་གྲུབ་ཐུབ་པ་བྱུང་བ་ནི་རྒྱལ་བ་དགྱེས་བའི་མཆོད་སྤྲིན་དུ་ཕུལ་ཐུབ་པ་བྱུང་ཡོད། ཅེས་དང་།
ཁོང་གིས་ད་དུང་གསུང་དོན། ཕྱི་ལོ་༢༠༢༥་་་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་བཀོད་བྱེད་མཁན་ཁྱོན་མི་གྲངས་ ༩༡༠༧༣ བྱུང་ཡོད་པ་ནས། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་འོས་འཕེན་པ་གྲངས་ ༥༡༡༤༠ (༥༦་༡༥%) བྱུང་ཡོད། དངོས་གཞིའི་འོས་བསྡུའི་ནང་འོས་འཕེན་པ་གྲངས་ ༤༡༦༣༨ (༤༥་༧༡%) ཆགས་ཡོད་པ་དང་། དེའི་ཁོངས་འོས་ཤོག་རྩིས་མེད་གྲངས་ ༥༧༠ བྱུང་འདུག ཅེས་དང་།
འདི་ལོ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཆེད་བོད་མི་སུད་ཚོང་ས་ཁུལ་ཁག་ནང་ས་གནས་འོས་བསྡུ་ལས་ཁང་དང་། འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་༣༡ གསར་བཙུགས་ཀྱིས་འོས་བསྡུ་ཐུབ་པ་བྱུང་ཡོད། ཅེས་དང་།
རྒྱ་ཆེ་མང་ཚོགས་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་གྲངས་ ༤༥ གསར་འདེམས་ལེགས་གྲུབ་བྱུང་ཡོད། འདེམས་ཐོན་བྱུང་བ་རྣམས་ནས་གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཤར་བསྐྱོད་ཐོག ཆིག་སྒྲིལ།སྐྱིད་སྡུག་མཉམ་མྱོང་། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་བརྣག་པའི་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་གལ་ཆེའི་ལས་དོན་ཐོག་འབད་བརྩོན་གནང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་དང་།
བློ་བཟང་ཡེ་ཤེས་མཆོག་གིས་གསུང་དོན། འདི་ལོའི་འོས་བསྡུ་ཆེན་མོའི་ལས་རིམ་སྐབས་དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཐད་མང་ཚོགས་ནང་བསམ་ཚུལ་ཁག་གཅིག་བྱུང་བཞིན་ཡོད་ན། འགན་འཛིན་རྣམས་ནས་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གསལ་བཤད་ཁག་ཅིག་ཞུ་རྒྱུ། འོས་བསྡུའི་ལས་རིམ་འགོ་བཙུགས་པ་ནས་ད་བར་ཕྱི་ནང་གཉིས་ནས་འགོག་རྐྱེན་སྣ་མང་བྱུང་ཡོད་ཀྱང་། དབུས་འོས་བསྡུ་འགན་འཛིན་གསུམ་ནས་སྤྱི་དོན་ཁོ་ནར་དམིགས་ཏེ་ལྷག་བསམ་རྣམ་དག་གིས་ཕྱོགས་ལྷུང་དང་འཛེམ་ཟོན་མེད་པར་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་ཐོག་འགལ་འཛོལ་ར་འཕྲོད་བྱུང་རིགས་ལ་སྐབས་དུས་སོ་སོར་གདོང་ལེན་ཞུས་པའི་ཐོག འོས་བསྡུའི་ལས་རིམ་ཡོངས་རྫོགས་སྒྲིག་མཐུན་རང་དབང་དྲང་བདེན་དང་། འདྲ་མཉམ་ཐོག་ཞི་འཇམ་ཚགས་ཚུད་ཡོང་བར་འབད་བརྩོན་ཞུས་ཡོད། ཅེས་གསུངས་སོང་།
དེ་ནས་བཙན་བྱོལ་བོད་མི་མང་སྤྱི་འཐུས་སྐབས་བཅོ་བརྒྱད་པའི་འོས་འདེམས་བྱུང་བའི་སྤྱི་འཐུས་ཀྱི་མཚན་དང་འོས་གྲངས་གསལ་བསྒྲགས་གནང་སོང་། འོས་འདེམས་བྱུང་བའི་སྤྱི་འཐུས་༤༥ ཁྲོད་ནས་སྤྱི་འཐུས་གསར་པ་༡༧ བྱུང་འདུག དེ་དག་ལས་ཁམས་ཆོལ་ཁ་ནས་ལྔ་དང་། ཨ་མདོ་ཆོལ་ཁ་ནས་བཞི། དབུས་གཙང་ཆོལ་ཁ་ནས་གསུམ། བོན་ཆོས་ལུགས་ནས་གཅིག་བཅས་བྱུང་འདུག བྱང་ཨ་མི་རི་ཀ་དང་ཁེ་ན་ཌ་བཅས་ནས་གཉིས་དང་། ཡུ་རོབ་ནས་གཅིག ཨོ་སི་ཊ་ལི་ཡ་དང་ཨེ་ཤི་ཡ་ནས་གཅིག་བཅས་རེད་འདུག
ཁམས་ནས་མི་གསར་པ་ལྔ་ཡོད་པ་ནི་རྒྱལ་མཚན་ཆོས་སྐྱིད་དང་། ཟླ་བ་ཚེ་རིང་། ངག་དབང་བློ་གྲོས། དཀོན་མཆོག་རིན་ཆེན། སངས་རྒྱས་རྡོ་རྗེ་བཅས་རེད་འདུག ཨ་མདོ་ནས་མི་གསར་པ་བཞི་ཡོད་པ་ནི་བསྟན་འཛིན་དཔལ་མོ་དང་། ལྷ་རོང་། ལྷ་མོ་སྐྱབས། ཨོ་རྒྱན་སྐྱབས་བཅས་རེད་འདུག དབུས་གཙང་ནས་མི་གསར་པ་གསུམ་ཡོད་པ་ནི་མགོན་པོ་དོན་གྲུབ་དང་། ལྷག་པ་ཚེ་རིང་། ལྷ་མོ་ཚེ་རིང་བཅས་རེད་འདུག བོན་ཆོས་ལུགས་ནས་མི་གསར་པ་གཅིག་ཡོད་པ་ནི་བ་ར་ཚེ་རིང་བཀྲ་ཤིས་རེད་འདུག བྱང་ཨ་རི་ནས་མི་གསར་པ་གཉིས་ཡོད་པ་ནི་སྒོ་དྲུག་སྐལ་བཟང་ཕུན་ཚོགས། ཚེ་བརྟན་ཕུན་ཚོགས་བཅས་རེད་འདུག ཡོ་རོབ་ནས་མི་གསར་པ་གཅིག་ཡོད་པ་ནི་བསྟན་འཛིན་དབྱངས་དཀར་རེད་འདུག ཨོ་སི་ཊི་རེ་ལི་ཡ་དང་ཨེ་ཤི་ཡ་(རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་ཕུད་པ)ནས་མི་གསར་པ་གཅིག་ཡོད་པ་ནི་སྐལ་བཟང་ཚེ་རིང་རེད་འདུག