ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༡ ཉིན། གཏོང་ལེན་དགེ་རྩ་ཚོགས་པས་ཧིན་རྡི་སྐད་ཡིག་ནང་སྒྱུར་གནང་བའི་"རིགས་ལམ་འཇུག་པའི་སྒོ་"ཞེས་པ་དེ་དབུ་འབྱེད་གནང་སོང་། སྐབས་དེར་ཪིགས་ལམ་འཇུག་པའི་སྒོ་སྒྱུར་པ་པོས་བརྗོད་དོན། གལ་སྲིད་རྒྱ་གར་གྱི་སློབ་མ་རྣམས་ལ་ཧིན་རྡི་ནང་རིགས་ལམ་སློབ་ཐུབ་ན་ཕན་ཐོགས་འབྱུང་གི་རེད་བསམས་ནས་ཧིན་རྡི་ནང་རིགས་ལམ་འབྲི་བ་འགོ་བརྩམས་པ་རེད། མདོར་ན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པ་ནང་ནས་བཞི་པ་དེ་སྒྲུབ་པའི་ཆེད་དུ་ཧིན་རྡི་ནང་རིགས་ལམ་འཇུག་པའི་སྒོ་བྲིས་པ་རེད། ཅེས་བརྗོད་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ཿ༣༠ ཐོག དྷ་ཤོད་ཉེ་འགྲམ་དུ་ཡོད་པའི་དྷོ་ལ་དྷར་མགྲོན་ཁང་གི་ཚོགས་ཁང་དུ། གཏོང་ལེན་དགེ་རྩ་ཚོགས་པའི་གོ་སྒྲིག་འོག "རིགས་ལམ་འཇུག་པའི་སྒོ་"ཞེས་པ་དེ་དབུ་འབྱེད་མཛད་སྒོ་ཤིག་ཚོགས་སོང་། དེ་ནི་གཏོང་ལེན་སློབ་གྲྭའི་སློབ་མ་དང་གཞན་རྒྱ་གར་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་རིགས་ལམ་སློབ་ཆེད་གཏོང་ལེན་རིགས་ལམ་དགེ་རྒན་དང་ཉམས་ཞིབ་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བོད་ཡིག་ནས་ཧིན་རྡི་ནང་རིགས་ལམ་འཇུག་པའི་སྒོ་ཞེས་པ་སྒྱུར་གནང་འདུག དཔེ་དེབ་གསར་པ་དེ་ཧི་མ་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་རོ་ཧི་ཏི-་ཐ་ཀུར་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང་འཇམ་དཔལ་ལྷུན་གྲུབ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཆོས་རིག་དྲུང་ཆེ་དོན་གྲུབ་རྡོ་རྗེ་ལགས། དེ་བཞིན་ཧི་མ་ཅལ་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཨ་ཕྱེ་ཀོ་ལི་སོགས་ནས་དབུ་འབྱེད་གནང་སོང་། དེ་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་ཆ་ཤས་ཤིག་ཡིན་འདུག
ཐོག་མར། གཏོང་ལེན་སློབ་གྲྭ་འཛུགས་མཁན་དང་འགན་འཛིན་རྒན་བློ་བཟང་འཇམ་དབྱངས་ལགས་ནས་དབུ་འབྱེད་གཏམ་བཤད་གནང་དོན། མི་ལོ་༢༠་ལྷག་གི་རིང་གཏོང་ལེན་དགེ་རྩ་ཚོགས་པས་རྒྱ་གར་ཧི་མ་ཅལ་ནང་གི་དབུལ་ཕོངས་དང་ཉམས་ཐག་ལ་རོགས་སྐྱོར་གནང་ཡོད། འདི་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་བཀའ་སློབ་ལས་བྱུང་བ་ཞིག་རེད། གཏོང་ལེན་ངོས་ནས་ཉམས་ཐག་རྣམས་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས་ཞབས་ཞུ་བཅས་ཞུས་པ་རེད། འདི་ནི་རྒྱ་གར་གཞུང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་རྗེས་དྲན་ཞུ་ཆེད་རེད། ཅེས་དང་།
རྒན་འཇམ་དབྱངས་ལགས་ཀྱིས་མུ་མཐུད་ནས་གསུང་དོན། དེ་རིང་ང་ཚོས་རིགས་ལམ་འཇུག་པའི་སྒོ་དབུ་འབྱེད་བྱེད་ཆེད་འདིར་འཛོམས་པ་རེད། འདི་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་དང་འབྲེལ་བ་ཆགས་བསྡད་ཡོད་རེད། འདི་ནི་ང་ཚོས་ལྷག་བསམ་རྣམ་དག་ངོས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པར་ཕུལ་བའི་ཞལ་འདེབས་ཡིན། རིགས་ལམ་དེབ་ནི་སློབ་མ་ས་ཡ་མང་པོར་ཕན་ཐོགས་འབྱུང་བའི་རེ་བ་ཞུ་ཡི་ཡོད།
ཁོང་གིས་མུ་མཐུད་ནས་གསུང་དོན། རིགས་ལམ་ཡིས་བསམ་བློ་ཞིབ་བརྟག་དང་། དངོས་ཡོད་ཤེས་རྟོགས། དཀལ་ངལ་སེལ་ཐབས་སོགས་ལ་ཕན་ཐོགས་ཡོད་པ་མ་ཟད། བྱམས་བརྩེ་སྐྱེད་བྱེད་དང་རྣམ་དཔྱོད་འཕེལ་བ། མི་ཚེ་ནི་གཅིག་ལ་གཅིག་བརྟེན་ཡིན་པ་ཤེས་པའི་ནུས་པ་ལྡན། དེར་བརྟེན་རིགས་ལམ་ནི་ད་ལྟའི་འཛམ་གླིང་འདིར་དགོས་མཁོ་ཧ་ཅང་ཆེ། འདི་ནི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པ་དང་མཐུན་པ་ཡོད། དེར་བརྟེན་ང་ཚོའི་རེ་བར་རིགས་ལམ་དཔེ་དེབ་འདི་ནི་རྒྱ་གར་སློབ་གྲྭ་ཁག་གི་ནང་རིགས་ལམ་གྱི་སློབ་གཞི་འགྱུར་བའི་རེ་བ་ཞུ་ཡི་ཡོད། ཅེས་གསུངས་སོང་།
དེ་ནས་ཉམས་ཞིབ་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་རིགས་ལམ་འཇུག་པའི་སྒོ་བསྒྱུར་དགོས་པའི་སྐོར་ནས་བརྗོད་དོན། ཕྱི་ལོ་༢༠༢༢་ལོར་གཏོང་ལེན་སློབ་གྲྭ་ནང་རིགས་ལམ་སློབ་འགོ་བཙུགས་པ་རེད། དེ་དུས་ནས་རིགས་ལམ་སློབ་ཐབས་ཐོག་ནས་ཟིན་འབྲི་བརྒྱབས་པ་ཡིན། བོད་ཡིག་ནང་རིགས་ལམ་དེབ་མང་པོ་ཡོད་ཀྱང་། ཧིན་རྡི་ནང་དེབ་དེ་འདྲ་མི་འདུག རྗེས་སུ་དེབ་ཅིག་སྟོན་ཐུབ་ན་སློབ་མ་མང་པོ་ཞིག་ལ་ཕན་ཐོགས་མང་པོ་བསམས་ནས་དེབ་འདི་བཏོན་པ་རེད། འོན་ཀྱང་དེ་སྔོན་ཧིན་རྡི་ནང་རིགས་ལམ་སྐོར་དེབ་མེད་ཙམ་དེའི་ཐོག་བཀའ་འདྲི་ཞུ་ས་མེད་པ་དང་ལམ་སྟོན་བྱེད་མེད་ནས་དཀའ་ངལ་འཕྲད་སོང་། འོན་ཀྱང་། རིགས་ལམ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་ཆ་ཤས་གལ་ཆེན་ཞིག་ཆགས་བསྡད་ཡོད་རེད། དེར་བརྟེན། ལོ་གསུམ་རིང་དཀའ་ལས་བརྒྱབས་ནས་རིགས་ལམ་འཇུག་པའི་སྒོ་ཧིན་རྡི་ནང་སྒྱུར་བ་ཡིན། གལ་སྲིད་རྒྱ་གར་གྱི་སློབ་མ་རྣམས་ལ་ཧིན་རྡི་ནང་རིགས་ལམ་སློབ་ཐུབ་ན་ཕན་ཐོགས་འབྱུང་གི་རེད་བསམས་ནས་ཧིན་རྡི་ནང་རིགས་ལམ་འབྲི་བ་འགོ་བརྩམས་པ་རེད། མདོར་ན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པ་ནང་ནས་བཞི་པ་དེ་སྒྲུབ་པའི་ཆེད་དུ་རེད་ཅེས་འགྲེལ་བརྗོད་གནང་སོང་།
དེ་ནས་ཧི་མ་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བཅས་ནས་རིགས་ལམ་འཇུག་པའི་སྒོ་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སོང་། སྐབས་དེར་ཁོང་རྣམས་པས་གཏོང་ལེན་དགེ་རྩ་ཚོགས་པ་དང་སྒྱུར་པ་པོ་བསོད་ནམས་རྡོ་རྗེ་ལགས་ལ་བསྔགས་བརྗོད་དང་། དེབ་དེ་ཡིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་བར་ཕན་ཐོགས་ཡོང་བའི་ཡིད་ཆེས་དང་། རིགས་ལམ་དཔེ་དེབ་དེའི་གལ་ཆེན་རང་བཞིན་སྐོར་གསུང་བཤད་གནང་སོང་།