ཁོང་གིས་སྐུ་ལུས་མེར་སྲེག་མ་བཏང་བའི་གོང་བོད་གཞིས་ལུས་མི་མང་གི་སེམས་ཤུགས་དང་ཆོད་སེམས་བསྟོད་བསྔགས་ཤུགས་ཆེན་གནང་བ་དང༌། བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་བོད་རྒྱལ་ཁབ་དང་མི་མི་རིགས་ཆེད་དུ་ཁ་ཆེམས་ཀྱི་བརྙན་ཐུང་ཞིག་རང་ཉིད་ཀྱི་ངོ་དེབ་ཀྱི་སྟེང་དུ་བཞག་གནང་འདུག བརྙན་ཐུང་དེའི་ནང་ཁོང་གིས་བོད་ཆོལ་ཁ་གསུམ་པོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་རང་བཙན་གྱི་འཐབ་རྩོད་གནང་དགོས་གལ་ཆེ་ལུགས་གསུངས་འདུག

ཁོང་གིས་སྐུ་ལུས་མེར་སྲེག་མ་བཏང་གོང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་ཁ་ཆེམས་ཀྱི་བརྙན་ཞིག་བཟོས་ནས་ཁོང་སྒེར་གྱི་ངོ་དེབ་ཐོག་ཏུ་བཞག་འདུག་པ་དང༌། ཁོང་གིས་རང་ལུས་མེར་སྲེག་བཏང་བའི་མགོ་མཇུག་བར་གསུམ་ཚང་མ་ཁོང་གི་ངོ་དེབ་བརྒྱུད་ཐད་གཏོང་བྱས་འདུག

དེ་ཡང་བོད་རང་བཙན་འཐབ་རྩོད་པ་རང་བཙན་བློ་དགའ་མཆོག་གིས་གསུངས་དོན།
<<རྒྱ་ནག་གུང་ཁྲན་གཞུང་གིས་བོད་མི་རིགས་འདི་རྩ་མེད་བཟོ་ཐབས་ཆེད་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། བོད་ནང་གི་བོད་མི་ཚོར་གང་ཡང་བཤད་རྒྱུ་མེད། ཁོང་ཚོས་རང་གི་སྐད་ཡིག་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་ཆེད་དུ་ལྷག་བསམ་རྣམ་དག་གནང་གི་འདུག་པས། ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཞེས་གསུངས་འདུག

འོན་ཀྱང༌། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་བསམ་ཚུལ་ཞིག་ཞུ་འདོད་པ་ནི། ང་ཚོས་མི་རིགས་ཤིག་གི་འཐབ་རྩོད་ཆེད་དུ་ལས་ཀ་གང་ཡང་མ་བྱས་ན་གང་ཡང་རག་གི་མ་རེད། དེར་བརྟེན་ཤུགས་མང་ཙམ་རྒྱག་དགོས་ཀྱི་འདུག བཙན་བྱོལ་ནང་སྤྱི་ནོར་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱིས་མི་མང་ལ་མང་གཙོ་ཚད་ལྡན་ཞིག་གནང་བ་དེ་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད། ང་ཚོས་མི་རྒྱུ་གཉིས་ཀྱིས་འགྲོ་སོང་གང་ཡང་གཏོང་མི་དགོས་པར་མང་གཙོ་མར་གནང་བ་དེ། ང་ཚོས་མི་དགོས་ཟེར་ནས་ཡར་ཕུལ་མྱོང་ཡོད་ནའང་ཁོང་གིས་མང་གཙོ་ཚད་ལྡན་ཞིག་གནང་བཞག་ཡོད་རེད། ཁོང་གིས་ང་ཚོར་མང་གཙོ་གནང་བ་དེ་ནང་ཁུལ་ནང་འཛིང་བཟོ་ཡག་གི་ཆེད་དུ་རྩ་བ་ཉིད་ནས་མ་རེད། དེ་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡར་རྒྱས་འགྲོ་ཐུབ་ན་དགོངས་ནས་མང་གཙོ་གནང་བ་རེད། ལྷག་པར་དུ་དེ་སྔོན་ྋགོང་ས་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་མི་ཚོར་རང་ལ་ཁང་པ་ཞིག་དང་རླངས་འཁོར་ཞིག་ནི་ཡོད། ད་ང་འགྲིག་སོང་བསམས་ནས་བསྡད་ན་ཞབས་འདྲེན་རེད། ཁྱེད་ཚོ་ཚང་མ་བོད་མི་རིགས་ཀྱི་མགྲིན་ཚབ་པ་རེད། བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་དགོས་རེད། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་དགོས་རེད་ཅེས་ྋགོང་ས་མཆོག་ནས་གསུངས་ཡོད་པ་རེད།

ྋགོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་རེད། ད་ང་ཚོ་ནང་འཛིང་རྒྱག་དགོས་ན་ཚད་ལས་བརྒལ་བ་རེད་འདུག རྒྱ་ནག་གཞུང་གིས་བོད་མི་རིགས་ཆ་ཚང་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད། མདོ་སྟོད་མདོ་སྨད་དབུས་གཙང་གི་དབྱེ་བ་གཅིག་ཀྱང་འབྱེད་ཀྱི་མེད། བོད་པ་ཚང་མ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད། ང་ཚོ་ཚང་མ་བོད་པ་རེད། བོད་མི་རིགས་གཅིག་པ་རེད། ད་ལྟ་བོད་ནང་ཆོས་དད་རང་དབང་མེད་པ་དང༌། འགྲོ་བ་མིའི་ཐོབ་ཐང་མེད་པ་ཚང་མ་བོད་ལ་རང་བཙན་མེད་པའི་རྐྱེན་གྱིས་དཀའ་ངལ་ཚང་མ་འཕྲད་པ་རེད། དེ་འདྲ་སོང་ཙང་བོད་མིའི་སྒྲིག་འཛུགས་དང༌། སྤྱི་འཐུས་གྲོས་ཚོགས། བོད་མི་ནང་ཁུལ་བཅས་ནས་རྡོག་རྩ་གཅིག་སྒྲིལ་བྱས་ནས་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངས་དེ་རིང་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་ཆོལ་ཁ་དང་ཆོས་ལུགས་ཀྱི་རྩོད་པ་དེ་མ་བརྒྱབ་པའི་ཐོག་ནས། དེ་རིང་ནས་བཟུང་ང་བོད་པ་ཡིན། བོད་རང་བཙན་ཤོར་ཟིན་པ་དེ་ཚུར་ལེན་རྒྱུ་ཡིན། བོད་རང་བཙན་ཆེད་དུ་ལས་འགུལ་སྤེལ་རྒྱུ་དང༌། བོད་རང་བཙན་ཆེད་དུ་ཕྱག་ལས་གནང་རྒྱུར། ངས་ལག་གཉིས་ཐལ་མོ་སྦྱར་ནས་ཐུགས་རྗེ་གཟིགས་ཏེ་ཕྱག་ལས་དེ་གནང་རོགས་ཞུ་རྒྱུ་ཡིན།

གལ་སྲིད་དེ་རིང་ངས་ལས་འགུལ་ཚབས་ཆེན་ཞིག་སྤེལ་བ་ཡིན་ན། ཁྱེད་རྣམ་པ་ཚོས་མྱ་ངན་གྱི་ཆེད་དུ་ཡོང་ལ་ཉེ་བའི་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང༌། དེང་དུས་ཀྱི་གཞས་ཞབས་བྲོ་སོགས་ནམ་ཡང་བཀག་ན་འགྲིག་གི་མ་རེད། དེ་ཚོ་རིག་གཞུང་སྲུང་སྐྱོབ་རེད། འཕྲོད་བསྟེན་རེད། གཞོན་སྐྱེས་ཚོ་རིག་གཞུང་དར་སྤེལ་ཆེད་ཧ་ཅང་ཡག་པོ་རེད་འདུག་པས། ནམ་ཡང་མ་བཀག་རོགས་ཞུ་རྒྱུ་ཡིན། སྲོལ་རྒྱུན་རིག་གཞུང་དར་སྤེལ་གཏོང་རོགས། ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དེ་ཡག་པོ་ཞིག་གཏོང་རོགས་གནང༌། གལ་སྲིད་མྱ་ངན་བྱེད་འདོད་ན་སོ་སོ་བོད་པ་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ། བོད་རྒྱལ་ཁབ་ཀྱི་ཆེད་དུ་ཕྱག་ལས་གང་འདྲ་ཞིག་ཐུབ་ས་འདུག ག་རེ་བྱེད་རྒྱུ་འདུག་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད།

གལ་སྲིད་དེ་རིང་ངས་ལས་འགུལ་ཚབས་ཆེན་ཞིག་སྤེལ་བ་ཡིན་ན། ངས་ལས་འགུལ་དེ་ང་ལ་ཟ་རྒྱུ་མེད་པ་དང་གྱོན་རྒྱུ་མེད་ནས་མ་རེད། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ངས་ལས་འགུལ་འདི་སྤེལ་གྱིན་ཡོད། མྱ་ངན་བྱེད་དགོས་ཀྱི་མ་རེད། གལ་སྲིད་མྱ་ངན་བྱེད་དགོས་ན་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་རོགས་གནང༌། ང་ཚོ་ལ་ད་ལྟ་དཀའ་ངལ་ཡོངས་རྫོགས་ཀྱི་རྩ་བ་དེ་བོད་ལ་རང་བཙན་མེད་པའི་རྐྱེན་གྱིས་རེད། བོད་ལ་རང་བཙན་ཡོད་ན་ཚང་མ་ཡོད་པ་རེད། དེ་འདྲ་སོང་ཙང་ང་ཚོས་བོད་རང་བཙན་ཆེད་དུ་འཐབ་རྩོད་བྱེད་དགོས་རེད། མཐའ་དོན་བོད་རང་བཙན་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ་ཞེས་ཚར་གསུམ་འབོད་སྒྲོག་གནང་ཡོད་པ་བཅས།།>>