ཕྱི་ལོ་༢༠༢༦ ཟླ་༨ ཚེས་༢༠ ཉིན། རྒྱལ་གཅེས་དཔའ་བོ་བློ་དགའ་ལགས་ཀྱི་ཞེ་དགུའི་ཉིན་མོ་དང་བསྟུན་ཏེ་གཅིག་ནས་དཔའ་བོ་བློ་དགའ་རང་བཙན་མཆོག་གཙོས་པའི་ད་བར་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང༌། གཉིས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོག་དང་ཞུ་འབོད་ཆེད་བཞུགས་སྒར་རྡ་ས་ནས་རྒྱལ་ས་ལྡི་ལི་བར། དྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་ཚེ་རིང་མཐར་ཕྱིན་ལགས་ཀྱིས་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་དྷ་རམ་ས་ལ་ནས་དབུ་འཛུགས་གནང་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་ཉིན་གོང་ཆུ་ཚོད་༣།༣༠་ཡས་མས་ལ་བཀའ་སྤྱི་གཉིས་ནས་དབུ་འཁྲིད་གནང་པའི་གཙུག་ལག་ཁང་ནས་དྷ་ཤོད་ཉེན་རྟོག་ཐང་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་རིམ་ཁག་འགྲུབ་པའི་རྗེས་སུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚེ་རིང་མཐར་ཕྱིན་ལགས་ཀྱི་ཞི་བའི་གོམ་བགྲོད་ལས་འགུལ་དེ་འགོ་འཛུགས་གནང་སོང་། ཁོང་གིས་དྷ་རམ་ས་ནས་ཀང་ར་(Kangra), ཨམ་བྷ་(Amb), ཨུ་ན་(Una), མོ་ཧ་ལི་(Mohali), པོན་ཆ་ཀུ་ལ་(Panchkula), ཅན་ཌི་གྷར་(Chandigarh), ཨམ་བྷ་ལ་(Ambala), ཁར་ནལ་(Karnal) དང་སོ་ནི་པ་ཐི་(Sonipat)་བཅས་བརྒྱུད་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྐང་ཐང་འགྲོ་རྒྱུ་ཡིན། ལམ་བར་དུ་རྒྱ་གར་ཡུལ་མི་རྣམས་ལ་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དང་ཡིག་ཆ་དགྲམ་རྒྱུ་དང་། གནད་ཡོད་མི་སྣ་ཐུག་ནས་བོད་དོན་སྐོར་ཞུ་གཞུགས་དང་བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་བཅས་ཡིན་འདུག
ཚེ་རིང་མཐར་ཕྱིན་ལགས་ཀྱིས་གསུང་དོན། ང་རང་ནི་བོད་དུ་སྐྱེས་ཞིང་ལོ་ངོ་བཅུ་བཞི་བར་རྒྱ་ནག་གི་བཙན་འོག་ཏུ་འཚར་ལོང་བྱུང་། དེ་རྗེས་བཙན་བྱོལ་ནང་སླེབས་ནས་ཤེས་ཡོན་གྱི་གོ་སྐབས་ཐོབ་ནས་རྒྱ་ནག་གི་ཐོག་ཆེད་ལས་སློབ་སྦྱོང་བྱས་པའི་བོད་མི་ཞིག་ཡིན། ད་རེས་རང་ཉིད་བཞུགས་སྒར་རྡ་ས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་གྱི་ཁྱོན་སྤྱི་ལེ་ ༥༠༠ རྒལ་བའི་བོད་དོན་གཞུ་གཏུགས་དང་གསལ་བཤད་ཀྱི་ཞི་བའི་གོམ་འགྲོད་ལས་འགུལ་ཞིག་འགོ་བཙུགས་ཡོད། འདིའི་དམིགས་ཡུལ་གཅིག་ནི་རྒྱལ་གཅེས་དཔའ་བོ་གློ་དགའ་རང་བཙན་ལགས་གཙོས་པའི་ད་བར་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་ཞུ་རྒྱུ་དང་། གཉིས་ནི་རང་ཉིད་ཀྱི་ཕ་མ་སྤུན་མཆེད་གཙོས་པའི་རྒྱ་ནག་གི་བཙན་དབང་མྱོང་དང་མྱོང་བཞིན་པའི་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་དང་བོད་ནང་གི་ཛ་དྲག་གནས་སྟངས་ཁག་གནས་ཡུལ་རྒྱ་གར་གཞུང་དམངས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་འབོད་དང་གསལ་བཤད་བྱེད་པའི་ཆེད་དུ་ཡིན།
ལས་འགུལ་འདི་བརྒྱུད་ནས་གནས་ཡུལ་རྒྱ་གར་གཞུང་དམངས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མི་དམངས་རྣམས་ལ་ཞུ་རྒྱུར། བོད་ས་ཡོངས་རྫོགས་རྒྱ་ནག་གི་བཙན་དབང་འོག་ཏུ་ཚུད་ནས་མི་ལོ་ ༧༦ ཡིན་ཡོད། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱིས་བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་སྐྱོན་དང་། བཙན་གནོན། ཡོད་ཚད་རྒྱ་སྒྱུར་བྱས་ཏེ་བོད་མི་རིགས་རྩ་མེད་གཏོང་བའི་གདུག་རྩུབ་ཅན་ཀྱི་སྲིད་ཇུས་ཁོ་ན་དང་། མཐའ་ན་བོད་མི་ཚོས་བོད་ཡུལ་དུ་རང་གི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་། ཡུལ་སྲོལ་གོམ་གཤིས་ཡང་རྒྱུན་འཛིན་བྱེད་པའི་རང་དབང་འཕྲོག་ནས་བོད་ཀྱི་ཡུལ་དང་མི་རིགས་ཀྱི་ངོ་བོ་མཚོན་པ་ཐམས་ཅད་འཛམ་གླིང་འདི་ནས་དུས་གཏན་དུ་རྩ་མེད་བཟོ་བའི་ཐབས་ཤེས་ཡོད་རྒུ་བྱས་དང་བྱེད་བཞིན་པ་མངོན་གསལ་ཆགས་ཡོད། དེར་བརྟེན་བོད་མིའི་ངོ་བོ་སྲུང་སྐྱོབ་དང་བོད་མི་རིགས་ཀྱི་ཁྲིམས་མཐུན་སྐུ་ཚབ་གནང་ཐུབ་མཁན་ནི་༧གོང་ས་མཆོག་དང༌། བཙན་བྱོལ་བོད་གཞུང་འདི་ཁོ་ན་ཡིན་པས། རྒྱལ་སྤྱིའི་གཞུང་དམངས་དང་ཚོགས་སྡེ་ཁག་ནས་བཙན་བྱོལ་བོད་གཞུང་འདི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་དང༌། བོད་ནི་ལོ་རྒྱུས་ཐོག་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་ཡིན་རུང་། ད་ཆ་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་འོག་ཏུ་ ཡོད་པའི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར། རྒྱ་ནག་གིས་ང་ཚོ་བོད་མིའི་བདེ་སྡུག་ལ་བསམ་ཤེས་བྱེད་ཀྱི་རེད་བསམས་པ་དང་། ཁོང་ཚོས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྐུལ་བྱེད་ཀྱི་རེད་བསམས་པ། རྒྱ་གཞུང་སོ་སོས་མིང་རྟགས་བཀོད་ནས་བཞག་པའི་གྲོས་མཐུན་དང་། མཐའ་ན་རང་གིས་གཏན་ལ་ཕབས་པའི་ཁྲིམས་ལ་བརྩི་འཇོག་དང་ལག་བསྟར་བྱེད་ཀྱི་རེད་བསམས་པའི་རེ་བ་སྟོང་པ་དག་དོར་ནས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཞལ་ཆེམས་ཀྱི་ནང་དོན་ལ་བསམ་གཞིག་ནན་པོ་གནང་བའི་རེ་སྐུལ་དང་། ད་དུང་ང་ཚོ་བོད་པ་ཚོས་རང་གི་བསམ་བློའི་ནང་ང་ཚོས་འཇོན་གྱི་མེད་པ། ཡོང་གི་མེད་པ། ནུས་པ་མེད་པ། ག་དུས་ཡིན་རུང་གཞན་ལས་སྐྱོ་བ་ཡིན་བསམ་པ་དང༌། རྒྱ་ནག་དུས་རྟག་ཏུ་སྟོབས་འབྱོར་ལྡན་པ། ཐམས་བཅད་ཡོད་པར་ངོས་འཛིན་བྱེད་པའི་བསམ་བློ་དོར་ནས། ལོ་རྒྱུས་ནང་ང་ཚོ་ནི་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ལ་ཕར་རྒོལ་གྱིས་རྒྱ་ནག་གོང་མ་ཁྲི་ནས་འཕབ་ཐུབ་མཁན་གྱི་བཙན་པོའི་ཟུངས་ཁྲག་ལྡན་པའི་མི་རིགས་ཞིག་དང༌། བོད་མི་རིགས་འདི་རྒྱ་ནག་གི་བཙན་འཛུལ་ལས་ཐར་ཏེ་འཛམ་གླིང་མི་རིགས་གཞན་དང་འདྲ་མཉམ་གྱི་མགོ་བོ་བསྟེགས་ནས་འགྲོ་ཐུབ་པའི་ཉིན་མོ་ཞིག་གཏན་གཏན་ཡོང་ངེས་རེད་ལ། བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱལ་ཁའི་ཉི་མ་ཞིག་ཤར་ངེས་པར་ཡིད་ཆེས་བརྟན་པོ་དང་ཡིད་ཆེས་དེ་མངོན་འགྱུར་ཡོང་བར་ཚང་མས་རང་ནུས་གང་ཡོད་ཀྱིས་ལས་འགུལ་མུ་མཐུད་སྤེལ་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན་རང་ཉིད་ཀྱི་གོམ་བགྲོད་འདིའི་འགྲུབ་དོན་ཆེད་ལམ་བར་དུ་ཆབ་སྲིད་མི་སྣ་དང་། གསར་འགོད་པ། ཤེས་ལྡན་མི་སྣ། ཤེས་ཡོན་བསྟི་གནས་ཁག་དང་ས་གནས་མི་དམངས་གང་མང་སར་བཅར་ནས། གོང་ཞུས་གནད་དོན་ཁག་གཞུ་གཏུགས་དང་ཁྱབ་བསྒྲགས་གང་ཐུབ་བྱ་རྒྱུ་ཡིན་པས། བོད་རིགས་སྤུན་ཟླ་རྣམས་ནས་ལམ་བར་དུ་གནད་ཡོད་མི་སྣ་དང་ཚོགས་སྡེ་ཁག་ལ་འབྲེལ་ལམ་མཐུད་ཐབས་སོགས་ཀྱི་རོགས་རམ་གང་ཡོང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།། ཞེས་བརྗོད་སོང་།