བོད་ནང་དུ་ཆོལ་ཁ་གསུམ་གྱི་བོད་མི་རྣམས་རྡོག་རྩ་གཅིག་བསྒྲིལ་ངང་རང་ནུས་གང་ཡོད་ཀྱིས་བོད་ཀྱི་སྤྱི་དོན་ལ་དོ་ཁུར་དང་ཤུགས་བསྣོན་སོགས་བརྒྱབས་དང་རྒྱག་བཞིན་པར་ཡིད་རངས་བསྔགས་བརྗོད་ཞུ་འོས་པ་ཞིག་ལོས་ཡིན།
འོན་ཀྱང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་འདུས་སྡོད་ས་ཁུལ་ཁག་ཏུ་ས་ཁུལ་ལུང་ཚན་ཆུང་ཆུང་གི་འཁྲེགས་འཛིན་རིང་ལུགས་ཀྱི་ལྟ་ཚུལ་གུ་དོགས་པོའི་རྟུལ་ཞུགས་བཟུང་ནས་བོད་མི་རིགས་ལ་སྤྱི་སྐད་ཅིག་གཏན་འབེབས་ཡོང་རྒྱུ་འགོག་རྐྱེན་ལྟ་བུ་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་རེད། འོན་ཀྱང་འདིར་བརྗོད་འདོད་པའི་གནད་དོན་གཙོ་བོ་ནི་བོད་རྒྱལ་ཁབ་ཆེན་པོའི་སྐད་ཡིག་གི་སྐོར་ཡིན། དེ་ཡང་བོད་རྒྱལ་ཁབ་ཀྱི་སྐད་ཡིག་ནི་བོད་དང་ཉེ་འཁོར་རམ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ས་ཁུལ་བལ་ཡུལ་དང་འབྲུག དེ་བཞིན་རྒྱ་གར་གྱི་ས་ཁུལ་འབྲས་ལྗོངས་དང་ལ་དྭགས་ནས་ལྷོ་མོན་རོང་སོགས་སུ་བེད་སྤྱོད་བྱེད་པའི་སྐད་ཡིག་ཅིག་རེད། བོད་ཀྱི་ཡི་གེ་ནི་རྒྱལ་ཁབ་དེ་དག་དང་ས་ཁུལ་དེ་དག་ལ་གཅིག་གྱུར་ཡིན་རུང༌། སྐད་ཀྱི་སྒྲ་གདངས་ལ་ཁྱད་པར་ཆེན་པོ་ཡོད། དེ་བཞིན་ད་ཆར་ཡོངས་གྲགས་སུ་བོད་རྒྱལ་ཁབ་ཀྱི་ཡུལ་གྲུའམ་མཁའ་ཁུལ་སྟོད་སྨད་བར་གསུམ་ལ་ལྟོས་ཏེ་ནང་གསེས་རིགས་གསུམ་དུ་ཕྱེ་བ་སྟེ། སྟོད་དབུས་གཙང་གི་སྐད་དང༌། བར་ཁམས་པའི་སྐད་དང༌། སྨད་ཨ་མདོའི་སྐད་རྣམས་སོ། བོད་སྐད་ནི་ཧོར་སོག་ལ་སོགས་པ་མི་རིགས་གཞན་པ་ཁག་ཅིག་གིས་བེད་སྤྱོད་གཏོང་བཞིན་ཡོད་པར་མ་ཟད། བལ་ཡུལ་དང༌། འབྲས་ལྗོངས། འབྲུག་ཡུལ༌། རྒྱ་གར་ཤར་དང་བྱང་རྒྱུད་མངའ་སྡེ་ཁག་གཅིག་བཅས་ཀྱི་རྒྱལ་ཁབ་རྣམས་སུའང་བེད་སྤྱོད་གཏོང་བཞིན་པ་བཅས་ལ་སྒྲ་གདངས་མི་འདྲ་བ་ཡོད།
བོད་རྒྱལ་ཁབ་ཀྱི་སྐད་ཡིག་གི་ལོ་རྒྱུས་ཅུང་ཙམ་གླེང་ན་དུས་རབས་བདུན་པའི་གོང་ན་ཡར་ཀླུང་གཙང་པོ་རྒྱལ་རྒྱུད་ལ་ཐུན་མོང་མ་ཡིན་པའི་ཡི་གེ་ཞིག་མེད་ཤས་ཆེ་ཡང༌། སྤྱིར་བོད་མིས་བཀོལ་སྤྱོད་བྱེད་པའི་ཡིག་རིགས་གཅིག་ཀྱང་མེད་པ་ལ་རིགས་པའི་སྒོ་དུ་མ་ཞིག་ནས་གནོད་པ་འབབ་ཅིང༌། བོད་ཀྱི་ཡིག་གཟུགས་དང་འདྲ་བ་ཙམ་ཡང་ཕན་ཚུན་སུ་ཞིག་མ་ཕྱི་བྱས་ནས་བྱུང་བར་ཤོད་དཀའ་བ་མ་ཟད། འཛམ་གླིང་ན་སྔ་ཤོས་སུ་འདོད་པའི་ཧིན་དྷུའི་ཡི་གེ་ཡང་བོད་ཀྱི་ཡི་གེ་ལ་མ་ཕྱི་བྱས་ནས་བཟོས་པ་མ་ཡིན་ཞེས་སུས་ཀྱང་ཁ་ཚོན་གཅོད་པར་དཀའ་སྟེ། ཧིན་དྷུ་པས་བོད་ནི་དབང་ཕྱུག་གི་ཞིང་ཁམས་སུ་ཁས་ལེན་ཅིང་བྱེད་པོ་ཉེར་བཞིའི་ནང་ནས་དབང་ཕྱུག་ནི་ཡི་གེའི་བྱེད་པོར་ཁས་ལེན་པས་བོད་ཀྱིས་བཟོས་པའི་ཡི་གེ་ལ་དབང་ཕྱུག་གིས་བཟོས་པ་ཞེས་བཤད་སྲིད་དེ། རྒྱ་གར་དུ་ཆུ་བོ་གྲགས་ཅན་གངྒཱ་ཟེར་བ་བོད་ནས་བབས་པ་ཡང་དབང་ཕྱུག་གི་རལ་པ་ནས་བབས་པར་བཤད་པའི་ཕྱིར་རོ། གནའ་བོའི་བོད་ཡིག་དེ་གང་ཡིན་སྙམ་ན། དེ་ནི་ཆེས་གདོད་མའི་སྐབས་སུ་བོད་མི་རྣམས་ཀྱིས་ཕྱི་དྲན་གྱི་རྟགས་རྡོ་དང་ཤིང་ལ་རི་མོར་བཏབ་པ་ནས་རིམ་བཞིན་འཕེལ་རྒྱས་བྱུང་བའི་ཡིག་རྒས་རྨར་ཡིག་ཅེས་པ་དེ་ཡིན་ལ། ཡིག་རྒས་ཞེས་པ་ནི་ཆེས་ཡ་ཐོག་གི་ཡི་གེ་ཡིན་པས་ན་ཡིག་རྒས་དང༌། རྨར་ཡིག་ཅེས་པ་ནི་དམར་ཡིག་སྟེ་ཁ་དོག་གི་ཆ་ནས་ཟངས་ཡིག་གམ་ཟངས་ཡུལ་གྱི་ཡི་གེ་ཞེས་པའི་དོན་ཡིན་ན་ཆོག་སྟེ། དེ་ཡང་ལོ་གྲངས་ཞིབ་པར་བརྗོད་པར་དཀའ་ཡང་གཉའ་ཁྲི་ནས་ཀྱང་རྩིས་པའི་ཆེས་ཡ་ཐོག་གི་དུས་སུ་བོད་འདིར་སྲོང་བཙན་གྱི་སྐབས་ལྟར་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་བྱུང་ཞིང་རྒྱལ་པོའི་མིང་ལ་གནོད་སྦྱིན་ནག་པོ་དང༌། ཡུལ་གྱི་མིང་ལ་ཟངས་ཡུལ་ཞེས་འབོད་པ་ལས་བོད་ཅེས་པའི་ཐ་སྙད་མ་བྱུང༌། དེས་ན་ཟངས་ཡུལ་གྱི་ཡི་གེ་ལ་ཟངས་ཡིག་ཅེས་འབོད་སྲིད་དེ། བོད་ཡུལ་གྱི་ཡི་གེ་ལ་བོད་ཡིག་ཅེས་འབོད་པ་བཞིན་ནོ།
ཡང་ན་རྨར་ཡིག་ཅེས་པའི་རྨ་འདི་ཨ་མྱེས་རྨ་ཆེན། རྨ་ཆུ་ལེབ་མོ། རྨ་ཡུལ་དར་ཐང་ཞེས་བོད་ཡུལ་སྟོད་སྨད་ཀུན་ཏུ་གནའ་ནས་ད་བར་གྲགས་ཆེ་བའི་ཡུལ་ལུང་འདིའི་མིང་སྣའི་རྨ་ཞེས་པ་འདི་དང་ཡང་འབྲེལ་བ་ཞིག་མེད་དམ་སྙམ། དུས་ཕྱིས་སྲོང་བཙན་གྱི་སྐབས་སུ་དེ་ཉིད་གཙོ་བོར་ལེགས་སྦྱར་གྱི་ནང་ཆོས་དེ་དག་བསྒྱུར་ནུས་ཐབས་ཀྱིས་བཅོས་སྒྲིག་མང་ཙམ་བྱས་ནས་དེ་ཉིད་ལག་ལེན་བསྟར་བ་ནས་བཟུང་བོད་དབུས་ཕྱོགས་སུ་རྨར་ཡིག་གི་བེད་སྤྱོད་དེ་ཙམ་མེད་པར་གྱུར། འོན་ཀྱང་བོན་གྱི་གསུང་རབ་ཕལ་ཆེ་བ་རྨར་ཡིག་ཏུ་ལུས་ཡོད་ཅིང་དེ་ཉིད་ཞང་ཞུང་གི་ཡུལ་དུ་ཡུན་རིང་ཙམ་འཚོ་གནས་ཐུབ་ཡོད་པས་མི་ཚོས་དེ་ལ་ཞང་ཞུང་ཡིག་རྒས་དང༌། ཞང་ཞུང་རྨར་ཡིག་ཅེས་འབོད་པ་ལས། རྨར་ཡིག་དེ་ཉིད་ཐོག་མར་ཞང་ཞུང་རང་ནས་བྱུང་བའི་སྒྲུབ་བྱེད་ཡང་དག་ཅིག་སུ་ལའང་བཤད་རྒྱུ་མེད་དོ་སྙམ།།
བོད་ཀྱི་ཡུལ་འདི་རི་ལུང་ཕྲེང་བསྟར་ཞིང༌། ཕན་ཚུན་འགྲོ་བཞུད་དཀའ་བ།ཞིང་ཕྱུགས་ལས་རིགས་ཀྱི་ཁྱད་པར་ཆེ་བ་བཅས་ཀྱི་དབང་གིས། ཡུལ་གྲུ་སོ་སོའི་སྐད་ལ་ཁྱད་པར་ཅུང་ཟད་རེ་ཁད་ཀྱིས་བྱུང་ཞིང༌། སྐད་ཆ་གཅིག་ཉིད་ཡུལ་ལུང་གི་རྣམ་པ་དུ་མར་གྱེས་པ་ཡིས། བོད་མིའི་སྐད་ལའང་དབུས་གཙང་གི་སྐད་དང༌། ཁམས་སྐད། ཨ་མདོའི་སྐད་གསུམ་བྱུང། སྐད་ཆའི་ཁྱབ་ཁོངས་ཀྱི་དབང་དུ་བྱས་པའི་ཡུལ་རིས་དང་ཅུང་ཟད་མི་འདྲ་སྟེ། མི་རིགས་ཤིག་གི་སྤྱི་མཐུན་གྱི་སྐད་ཆ་ལ་དུས་ཀྱི་འཕེལ་འགྱུར་དང་ས་གཤིས་གནས་བབས་ཀྱི་དབང་གིས། ཡི་གེའི་བཀླག་གདངས་དང༌། ཐ་སྙད། སྒྲའི་སྦྱོར་ཚུལ་སོགས་ཀྱི་ཆ་ལ་ཡུལ་གྱི་ཁྱད་པར་ཅུང་ཟད་རེ་བྱུང་བ་དེ་ལ་ཡུལ་སྐད་ཅེས་བྱ་ཕྱིར། དེང་དུས་འདིར་རང་རེའི་བོད་མི་རིགས་ལ་སྤྱི་སྐད་ཅིག་གཏན་ལ་ཕབ་རྒྱུ་དེ་ཚང་མའི་མིག་མདུན་དུ་ལྷགས་པའི་དོན་དག་གལ་ཆེན་ཞིག་གམ་མི་རིགས་སྤྱིའི་མདུན་ལམ་ལ་རག་ལས་པའི་ལས་དོན་གཡོལ་ཐབས་བྲལ་བ་ཞིག་ཡིན་མོད། འོན་དེ་ད་ལྟའི་བར་དུ་རང་མི་རིགས་ཀྱི་རིག་གནས་པའི་དཔུང་ཁག་གི་ཁྲོད་དུ་ས་ཕྱོགས་རིང་ལུགས་ཀྱི་ལྟ་ཚུལ་གུ་དོགས་པོའི་རྟུལ་ཞུགས་བཟུང་ནས། ལྷ་ས་བས་ལྷ་སའི་སྐད་གནས་ལུགས་དང་མཐུན་རབས་ཀྱི་སྒྲོག་གཏམ་རི་ལྟར་སྤུངས་པ་དང༌། ཨ་མདོ་བས་ཨ་མདོའི་སྐད་དག་རབས་ཀྱི་གནས་ལུགས་བྲག་ལྟར་བརྩིགས་པ། ཁམས་པས་ཁམས་པའི་སྐད་བདེ་རབས་ཀྱི་བདེན་ལུགས་སྤྲིན་ལྟར་གཡོ་བ་ལས། དོན་ངོ་མར་ས་ཕྱོགས་རིང་ལུགས་ཀྱི་དྲི་མས་མ་གོས་ཤིང་མི་རིགས་སྤྱིའི་མདུན་ལམ་ལ་ཕན་པའི་དྭངས་གཙང་གི་ཁ་བཏགས་ལྟ་བུའི་ཟོལ་མེད་པའི་ལྷག་བསམ་དང་དྲང་བདེན་མངའ་བའི་སྐད་ཆ་ཤོད་མཁན་ཉུང་ཉུང་ཡིན།།
བོད་རྒྱལ་ཁབ་ཀྱི་བོད་མི་རིགས་ནི་ཤེས་རིག་གི་ལོ་རྒྱུས་ཧ་ཅང་རིང་བའི་མི་རིགས་ཤིག་ཡིན་ལ། སྐད་དང་ཡི་གེ་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་དྭངས་མ་དང་བླ་སྲོག་ལྟ་བུ་རེད། དེ་ན་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ནི་མི་རིགས་སྤྱི་དང་སྒོས་སུ་བོད་སྐད་ཡིག་བྱ་བའི་ལས་གནས་སྟེང་གི་དཔྱོད་ལྡན་རྣམས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་རེད། བོད་མི་རིགས་ཀྱི་ཤེས་རིག་གོང་འཕེལ་དང་དཔལ་འབྱོར་དར་རྒྱས་སུ་གཏོང་བར་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེར་ཐུན་མོང་མ་ཡིན་པའི་ནུས་པ་ཡོད། སྐད་ཡིག་ཀྱང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སྔར་མེད་ཐ་སྙད་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་དེ་དག་ཚན་ལྡན་གཅིག་གྱུར་གྱི་ལམ་ནས་ཁྱབ་གདལ་དུ་གཏོང་དགོས། ཆོལ་ཁ་གསུམ་གྱི་བོད་མི་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་བའི་སྤྱི་སྐད་ཅིག་གཏན་འབེབས་བྱ་རྒྱུ་དེ་བོད་མི་རིགས་འདི་ཉིད་སའི་གོ་ལའི་སྟེང་ཡུན་རིང་དུ་གནས་ཐུབ་མིན་དང་རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་རྒྱུན་ཡུན་རིང་དུ་བསྲིང་ཐུབ་མིན་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། དེ་བས་རང་རེའི་བོད་མི་རིགས་ཀྱི་སྐད་ཆ་གཅིག་གྱུར་ཡོང་དགོས་ཚེ་གཙོ་བོ་སྒྲ་གདངས་གཅིག་གྱུར་དང་ཐ་སྙད་གཅིག་གྱུར། བརྡ་སྤྲོད་གཅིག་གྱུར། སྐད་ཀྱི་གཞི་འཛིན་ས་གཅིག་གྱུར། སྤྱི་སྐད་ཁྱབ་གདལ་གཏོང་ཐབས་བཅས་ལ་འབྲེལ་བ་ངེས་ཅན་ཡོད།
མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་སོ་སོར་ཁྱད་པར་སྣ་ཚོགས་ཤིག་ཡོད་པའི་ནང་སྒྲ་གདངས་ཀྱི་ཁྱད་པར་ནི་གཙོ་བོ་ཞིག་སྟེ། དབུས་སྐད་ལ་མིང་གཞིའི་ཡི་གེར་སྔོན་རྗེས་མགོ་འདོགས་ཀྱི་ཡི་གེ་གཞན་སྦྱར་ཚེ་སྒྲ་གདངས་ཀྱི་འགྱུར་བ་མི་གསལ་ཞིང༌། བྱ་དང་ཕྱ་ལྟ་བུ་ཡ་བཏགས་ཅན་གྱི་ཡི་གེ་ཁམས་དང་ཨ་མདོ་གཉིས་ཀྱི་ཀློག་སྒྲོས་དང་མི་འདྲ་བ་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད། ཨམ་སྐད་དུ་མིང་གཞིའི་ཡི་གེ་ཀ་དང་ག་གཉིས། ཏ་དང་ད་གཉིས། འ་དང་ཨ་གཉིས་ལྟ་བུ་ལ་སྔོན་རྗེས་དང་མགོ་འདོགས་མ་ཞུགས་ཚེ་ཀློག་པའི་སྒྲ་གདངས་གཅིག་པ་དང༌། གཞན་ཡང་གྲི་ལ་གྱི་དང་འགྲོ་ལ་འགྱོ༌། མི་ལ་མྱི་སོགས་ཀྱི་བརྡ་རྙིང་གི་ཐ་སྙད་སོར་བཀོལ་ཀྱང་མང་བོ་ཡོད། ཁམས་སྐད་ལ་མིང་གཞིའི་ཡི་གེར་དབྱངས་ཨི་དང་ཨུ་གཉིས་སྦྱར་བའི་སྒྲ་འདྲ་བ་དང༌། རྗེས་འཇུག་ང་དང་མ་གཉིས་སྦྱར་བའི་སྒྲ་གཅིག་པ་སོགས་ཡི་གེ་སོ་སོའི་ཀློག་སྒྲ་གཅིག་པ་མང༌། དེ་མིན་དབུས་སྐད་སྒྲ་གདངས་ཀྱི་ཐད་ནས་དམའ་ལ་འཇམ་པ། ཨམ་སྐད་སྒྲ་གདངས་མཐོ་ལ་རྩུབ་པ། ཁམས་སྐད་ནི་དེ་གཉིས་ཀྱི་བར་གྱི་སྒྲ་གདངས་རན་པ་ཞིག་ཡིན་པ་སོགས་ཀྱི་ཡུལ་སྐད་སོ་སོར་རང་རང་གི་སྒྲ་གདངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་རེ་འདུག་པས། བོད་སྐད་གཅིག་གྱུར་བྱུང་དགོས་ཚེ་སྒྲ་གདངས་གཅིག་གྱུར་བྱེད་རྒྱུ་དེ་ཧ་ཅང་ནས་གལ་ཆེན་ཞིག་རེད།
བོད་སིལ་བུར་ཐོར་ནས་ད་ལྟའི་བར་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དངོས་པོ་གསར་བ་བྱུང་བའི་རིགས་བགྲང་གིས་མི་ལོངས། དེ་དང་བསྟུན་ནས་མིང་ཚིག་གསར་བ་བྱུང་བའང་བགྲང་གིས་མི་ལོངས་མོད། གསར་བྱུང་ཐ་སྙད་དེ་དག་ལ་བཀས་བཅད་ཀྱིས་གཅིག་གྱུར་བྱས་མ་མྱོང་བས། མདོ་དབུས་ཁམས་གསུམ་དང་བྱེ་བྲག་གིས་ཡུལ་གྲུ་སོ་སོ་ན་དངོས་པོ་གཅིག་ལ་མིང་གི་རྣམ་གྲངས་མི་འདྲ་བ་མང་པོ་བྱུང་ཡོད། དེར་བརྟེན་དོན་གཅིག་མིང་གི་རྣམ་གྲངས་ཅན་གྱི་མིང་གསར་མང་བོ་བྱུང་བ་ནི་བོད་སྐད་གཅིག་གྱུར་ལ་རྙོག་དྲ་བཟོ་བའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། ང་ཚོས་ཐོག་མར་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་འོག་ནས་བོད་སྐད་ཡིག་གཅིག་གྱུར་ཨུ་ཡོན་ལྷན་ཁང་དང་མཐུན་ཚོགས་འཛུགས་དགོས་ལ། ཨུ་ཡོན་ལྷན་ཁང་དེ་དང་མཐུན་ཚོགས་དེར་རང་རང་གི་ཡུལ་ཁམས་ཀྱི་སྐད་ཆའི་རྨང་གཞི་བཟང་བའི་མཁས་པ་མང་བོ་གདན་ཞུ་བྱས་ཏེ་ཐ་སྙད་གསར་བ་མི་འདྲ་བ་རྣམས་གཅིག་གྱུར་གཏན་འབེབས་དང་ཁྱབ་གདལ་བྱས་ཏེ་བོད་སྐད་ཡིག་ལ་སྐད་གསར་བཅད་ཐེངས་བཞི་བ་བྱེད་རན་ཁྱད་པར་དུ་དེང་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཚན་རིག་བཅས་ལས་བྱུང་བའི་ཐ་སྙད་གསར་བ་གྲངས་མང་བོ་ཡིག་བསྒྱུར་བྱེད་སྐབས། མདོ་དབུས་ཁམས་གསུམ་གྱི་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་ཡིག་གཅིག་གྱུར་མཐུན་ཚོགས་ཀྱི་བཀས་བཅད་ལྟར་བསྒྱུར་ན་བོད་ཀྱི་སྤྱི་སྐད་གཏན་འབེབས་ལ་ཕན་པ་ཆེན་པོ་ཡོད་པར་སེམས།
བོད་སྤྱི་སྐད་ཅིག་གཏན་འབེབས་བྱ་བ་ལ་ཡུལ་སྐད་དམ་སྒྲ་གདངས་གང་ཞིག་ཚད་གཞིར་འོས་པ་གཏན་འབེབས་བྱེད་དགོས་པ་རྨང་གཞིའི་ཆ་རྐྱེན་ཡིན་མོད། རང་མི་རིགས་ཀྱི་རིག་གནས་པའི་སྡེ་ན་ཡུལ་སྐད་རྒྱུན་གང་སྤྱི་སྐད་ཀྱི་གཞི་འཛིན་ས་བྱེད་དགོས་པའི་ཐད་ལ་དབུས་གཙང་བས་དབུས་ཕྱོགས་ཀྱི་ལ་རྒྱ་བཟུང་ནས་ལྷ་སའི་སྐད་གཞི་འཛིན་དགོས་པའི་ཁ་ཕོ་སྣ་ཚོགས་སྒྲོག་པ་དང༌། ཨ་མདོ་བས་ཨ་མདོའི་ལ་རྒྱ་བཟུང་ནས་ཨ་མདོའི་སྐད་དག་རབས་ཀྱི་གནས་ལུགས་བརྒྱ་འཚོལ་སྟོང་འཚོལ་བྱེད་པ། ཁམས་པས་ཁམས་ཀྱི་ལ་རྒྱ་བཟུང་ནས་ཁམས་སྐད་བདེ་རབས་ཀྱི་རྒྱུ་མཚན་དུ་མ་དྲངས་ཏེ་གཅིག་ཐོག་ལ་མི་ཞོག་པའི་རྒྱུ་རྐྱེན་མང་བོ་ཞིག་ང་ཚོའི་མིག་མདུན་དུ་ལྷགས་ཡོད་པ་འདི་ནི། རང་རེའི་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཉམས་རྒུད་ཀྱི་གནས་སུ་བསྐྱོད་པའི་གནད་དོན་ཆེན་པོ་ཞིག་རེད།
དེ་བས་སྤྱིར་ལོ་རྒྱུས་ཐོག་ནས་བཤད་ན་ལྷ་ས་ནི་རང་རེའི་བོད་གངས་ཅན་པའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་བ་ཡིན་ཞིང་ལོ་རྒྱུས་ཐོག་བཀས་བཅད་རིམ་པ་གསུམ་གྱི་ལྟེ་བའང་ཡིན་ངེས་པས། ཡུལ་སྐད་དཀྱུས་མ་ལས་ཁྱད་དུ་འཕགས་པ་ཁོ་ཐག་ཡིན་ལ། ཕྱི་གླིང་བའི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་དག་གིས་ཀྱང་ལྷ་སའི་སྐད་བརྗོད་བཞིན་ཡོད། ད་ལོའི་ཟླ་བ་དྲུག་པར་ཧྥ་རན་སི་ནས་འཚོགས་པའི་རྒྱལ་སྤྱིའི་བོན་གྱི་ཤེས་རིག་ཚོགས་འདུའི་སྟེང་དུའང་ང་རང་ལ་སྔ་ན་མེད་པའི་མྱོང་ཚོར་གསར་བ་ཞིག་བྱིན་པ་ནི། བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་བཞིན་པའི་ཕྱི་གླིང་བ་ཚོས་བོད་སྐད་ཅེས་ན་ལྷ་སའི་སྐད་ལ་གཙིགས་ཆེན་བྱེད་པ་ལས། ཨམ་སྐད་དང་ཁམས་སྐད་ཅེས་ན་དེ་འདྲའི་གཙིགས་ཆེན་རྩ་བ་ནས་བྱེད་ཀྱི་མེད་དེ༌། དཔྱད་རྩོམ་སྒྲོག་གླེང་བྱེད་སྐབས་ལྷ་སའི་སྐད་དམ་དབྱིན་སྐད་ཀྱིས་བཤད་པ་ལས། ཨམ་སྐད་དམ་ཁམས་སྐད་ཀྱིས་བཤད་ན་ལོ་ཙཱ་བྱེད་དགོས། དེ་མིན་ལྷ་སའི་སྐད་ནི་ཨམ་སྐད་དང་ཁམས་སྐད་གཉིས་ལས་སྒྲ་གདངས་ཀྱི་དབྱེ་བ་གསལ་ཞིང་འདེག་འཇོག་འགྱུར་ཁུག་དང་ལྡན་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་པས། བདག་གི་ལྟ་ཚུལ་ལྟར་ན་ལྷ་སའི་སྐད་བོད་སྤྱི་སྐད་ཀྱི་གཞི་འཛིན་སའི་རྨང་གཞིར་ངོས་བཟུང་ན་འགྲིག་སྙམ། ཡིན་ཡང༌། ལྷ་སའི་སྐད་ཀྱི་ནང་ནའང་འདོར་དགོས་པ་ཡོད་ངེས་ཏེ། དཔེར་ན་ལྷ་སའི་སྐད་དུ་བརྡ་སྤྲོད་ཀྱི་འགྲོས་མང་པོ་ཞིག་ཉམས་པའམ་བོད་སྐད་དང་མི་མཐུན་ལ། བརྡ་སྤྲོད་ཀྱི་ཚགས་མི་དམ་པ། ཐ་སྙད་ཀྱི་ཐད་ནས་དབྱིན་སྐད་དང་སོག་སྐད། རྒྱ་གར་གྱི་མིང་སོགས་ཀྱི་ཐ་སྙད་འདྲ་མིན་མང་བོ་ཡོད་པས། འདི་དག་འདོར་བྱའམ་དོ་སྣང་བྱེད་དགོས་པའི་གནད་དོན་ཆེན་པོ་རེད།
སྤྱིར་མི་རིགས་གང་ཞིག་གི་སྐད་རིགས་ཡིན་ཀྱང་བརྡ་སྤྲོད་ནི་སྐད་རིགས་དེའི་ནང་གི་སྲོག་སྙིང་ལྟ་བུ་ཡིན་ལ། གལ་ཏེ་སྐད་རིགས་དེའི་ནང་དུ་བརྡ་སྤྲོད་ཀྱི་རྣམ་པར་མི་མཐུན་པའི་སྣང་ཚུལ་འབྱུང་བཞིན་ཡོད་ན། སྐད་རིགས་དེ་ས་གནས་རང་བཞིན་ཅན་ནམ་ཡུལ་ཁམས་རང་བཞིན་ཅན་དུ་གྱེས་པའི་མཚོན་རྟགས་གཙོ་བོའམ་སྐད་རིགས་དེའི་གཞི་རྩའི་སྒྲིག་གཞི་ཐོར་བཞིན་པའི་ཉེན་ཁ་ཆེན་པོ་ཞིག་ཡིན། ད་ལྟ་རང་རེའི་བོད་མི་རིགས་ཀྱི་སྐད་ཆའི་གནས་བབ་ཚད་དེར་སླེབས་ཡོད་དེ། དཔེར་ན། ཨ་མདོ་བས་“ང་མི་འགྲོ”ཞེས་པ་ལ། ལྷ་སའི་ཁ་སྐད་ཀྱི་ནང་ནས་“ང་འགྲོ་གི་མིན”ཞེས་པ་དང༌། ཨ་མདོ་བས“ངས་མ་མཐོང་”ཞེས་པ་ལ། ལྷ་ས་བས“ངས་མཐོང་མ་སོང་”ཞེས་པ། ཨ་མདོ་བས་“ངས་མ་ཟོས”ཞེས་པ་ལ། ལྷ་སའི་སྐད་དུ་“ངས་ཟ་མ་སོང་”ཞེས་པ་ལྟ་བུའི་བརྡ་སྤྲོད་ཀྱི་གཞི་རྩའི་སྒྲིག་གཞི་ཐོར་ཟིན་པའི་ཉེན་ཁ་སྣ་ཚོགས་ཡོད། སྤྱིར་འདྲ་མིན་གྱི་མིང་བརྡ་གསར་བ་སྣ་ཚོགས་བྱུང་བ་ཡིས་བོད་སྐད་གཅིག་གྱུར་ལ་འགལ་རྐྱེན་སྣ་ཚོགས་བཟོས་ལོས་ཡོད་མོད། ང་རང་གི་ལྟ་ཚུལ་ལྟར་ན་བོད་སྐད་ཡིག་གི་བརྡ་སྤྲོད་ཀྱི་སྒྲིག་གཞི་ཐོར་བཞིན་པ་ནི་རང་མི་རིགས་ཀྱི་སྐད་ཆའི་རྩ་བའི་སྒྲིག་གཞི་ཁ་ཁར་གྱེས་པའམ་ཉམས་རྒུད་དུ་འགྲོ་བཞིན་པའི་གནད་དོན་ཆེན་པོ་ཞིག་གམ་སྤྱི་སྐད་གཏན་འབེབས་ཐད་ཀྱི་གེགས་རྐྱེན་ཚབས་ཆེན་ཞིག་ཏུ་འདོད་པས། འདིའི་ཐད་ལ་ང་ཚོ་ཚང་མས་སྔ་སེ་ནས་ཅིས་ཀྱང་བསམ་བློ་གཏོང་རན་རེད། མི་རིགས་གང་དེའི་སྐད་ཆའི་ནང་གི་བརྡ་སྤྲོད་ནི་མི་རིགས་དེའི་བསམ་བློ་གཏོང་སྟངས་དང་སྦྲེལ་ནས་ཡོད་པ་ཞིག་ཡིན་ལ། སྐད་ཆའི་ནང་གི་བརྡ་སྤྲོད་ཀྱི་རྩ་བའི་སྒྲིག་གཞི་འཐོར་བཞིན་པ་ནི་མི་རིགས་གང་དེའི་བསམ་བློ་གཏོང་སྟངས་ཁ་ཁར་གྱེས་བཞིན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། རང་རེའི་བོད་མི་རིགས་ཀྱིས་ད་ལྟ་རང་ཉིད་གནས་བབ་གང་འདྲ་ཞིག་དང་འཕྲད་ཡོད་པར་བསམ་གཞིགས་བྱ་རན་རེད།