དེ་ཡང་། གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་༡།༣༠ ཐོག བཞུགས་སྒར་དྷ་རམ་སའི་མོག་གྷན་སྤྱི་སྤྱོད་རླུང་འཁོར་འཇོག་སའི་ཉེ་འགྲམ་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་ཚོགས་མི་༢༠ ལྷག་གིས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་མདུན་དུ་རང་ལུས་མེར་བསྲེགས་གནང་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་དང་ཁོང་གི་སྐོར་ལ་གླེང་སློང་བྱེད་ཀྱི་མེད་པར་ངོ་རྒོལ་བྱེད་ཆེད་ངག་བཅད་ཀྱི་ལས་འགུལ་ཉིན་དགུང་ཆུ་ཚོད་༡།༣༠་ནས་ཕྱི་རོ་༤ དབར་དུ་སྤེལ་གནང་སོང་། སྐབས་དེར། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་། དེ་བཞིན་མང་གཙོ་དོན་གཉེར་བ་རྣམས་ནས་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུའི་བསྒྲགས་གཏམ་ཞིག་ཀྱང་སྤེལ་སོང་།

བོད་ཀྱི་ལྷན་ཚོགས་ཀྱི་ཚོགས་གཞོན་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བསྒྲགས་གཏམ་དེ་སྒྲོག་སྦྱོང་གནང་དོན། ཕྱི་ལོ ༢༠༣༦ ཟླ ༣ ཚེས ༡༣ ཉིན་རྒྱ་ནག་དམར་གཞུང་གིས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ ཡིག་ཟེར་བ་དོན་ཚན་དྲུག་ཅུ་རེ་ལྔ་ཅན་གྱི་ཁྲིམས་ཡིག་ཞིག་གཏན་འབེབས་བྱས་ཡོད་པ་མ་ཟད། འདི་ལོ་སྤྱི་ཟླ་༧ ཚེས་༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཛུགས ཀྱི་ཞིན་མོ་དང་བསྟུན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་ཟེར་བ་དེ་དངོས་སུ་ལག་ལྟར་བྱེད་འགོ་བརྩམས་ཡོད། དེའི་དགོས་དམིགས་ གཙོ་བོ་ནི་བོད་མི་རིགས་ཀྱི་སྐད་ཡིག་དང་ཆོས། རིག་གཞུང༌། ཡུལ་སྲོལ། གོམས་གཤིས། རྒྱལ་རབས་ལོ་རྒྱུས་དང་བཅས་པ་མི་རིགས་རྩ་གཏོར་བཏང་ནས་བོད་སྡེ་རྒྱ་སྡེར་སྒྱུར་རྒྱུ་དང༌། བོད་རིགས་རྒྱ་རིགས་སུ་སྒྱུར་རྒྱུ། མདོར་ན་རྒྱ་ནག་དམར་གཞུང་གིས་བོད་དང་བོད་མིའི་གཙོ་བོར་བྱས་པའི་བཙན་གནོན་འོག་གནས་པའི་ མི་རིགས་ཡོངས་རྫོགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་བྱུས་ངན་ཞིག་ཡིན།

ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་འཆར་དེ་ལ་བརྟེན། ཕྱི་ལོ་༢༠༢༦ ཟླ་༧ ཚེས་༢ ཉིན་ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་ གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ལས་འགུལ་བ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་ དུ་རང་ལུས་མེར་བསྲེགས་ཀྱིས་རང་གི་གཅེས་པའི་སྐུ་སྲོག་བློས་གཏོང་གནང་ཡོད། ད་བར་བོད་ཕྱི་ནང་གཉིས་སུ་གནས་ཚུལ་ཤེས་རྟོགས་བྱུང་བ་ནི་བོད་མི་༡༧༠ ནས་སྐུ་ལུས་ཞུགས་འབུལ་གནང་ཡོད།

ཟླ་སྔོན་ཚེས་༢ ཉིན་ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ལས་འགུལ་བ་རྒྱལ་གཅེས་དཔའ་བོ་ བློ་དགའ་རང་བཙན་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཀྱིས་རང་གི་གཅེས་པའི་སྐུ་སྲོག་བློས་གཏོང་གནང་ནས་དེ་རིང་གི་ བདུན་ཕྲག་ལྔའི་བར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ནས་ཞུ་གཏུགས་དང་སྐད་འབོད་ལ་སོགས་པའི་ལས་འགུལ་སྣ་མང་ཞིག་ སྤེལ་དང་སྤེལ་མུས་ཡིན་པ་དང་བློ་ཕམ་པ་ཞིག་ལ་ད་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་གནས་ཚུལ་དེ་ལ་རྡོག་རོལ་དང་སྣང་མེད་བཏང་བ་དང་། ཡ་ ལེན་མེད་པ་དེ་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་མཐའ་ཅིག་ཏུ་འགག་པ་ཞུ་རྒྱུ་དང་སྦྲགས་གཤམ་འཁོད་དོན་ཚན་གསུམ་ཅན་དེ་ལ་རྒྱལ་སྤྱིའི་མཉམ་འབྲེལ་ རྒྱལ་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་། དེ་བཞིན་མང་གཙོ་དོན་གཉེར་བ་རྣམས་ནས་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ།

༡༽ རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེར་ང་ཚོས་ངོས་ལེན་རྩ་བ་ནས་མེད་ལ། བོད་ནང་ལག་བསྟར་བྱེད་ མཚམས་འཇོག་དགོས་པའི་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ།

༢༽ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ལས་འགུལ་བ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཀྱིས་རང་གི་གཅེས་པའི་སྐུ་སྲོག་བློས་གཏོང་གནང་བའི་ཚེ་སྲོག་ལ་རྒྱ་ནག་དམར་གཞུང་ནས་འགན་འཁུར་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ།

༣༽ རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་མང་གཙོ་དོན་གཉེར་བ་རྣམས་ནས་བོད་དོན་ལས་འགུལ་བ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་བློས་གཏོང་གནང་ནས་དེ་རིང་བདུན་ཕྲག་ལྔའི་བར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞུ་གཏུག་དང་སྐད་འབོད་ལ་སོགས་པའི་ལས་འགུལ་སྣ་མང་ཞིག་སྤེལ་དང་སྤེལ་མུས་དེ་ལ་རྒྱལ་སྤྱིའི་ངོས་ནས་སྣང་མེད་མ་བཏང་བར་ཡ་ལན་དོན་དང་ལྡན་པ་ཞིག་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ།