ཕྱི་ལོ་༢༠༢༦ ཟླ་༩ ཚེས་༡༡ ཉིན། ལྡི་ལིར་བོད་མི་བརྒྱ་ཕྲག་མང་པོས་རྒྱ་དམར་སྲིད་འཛིན་ཞི་ཅིང་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག སྐབས་དེར། ཁོང་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང༌། མི་རིགས་ངོ་བོ་དང་བཅས་པ་རྩ་མེད་གཏོང་མཁན་གྱི་བྱེད་ལྟེ་གཙོ་བོ་དེ་ཡིན་པས། ནག་ཉེས་ཅན་གྱི་མི་སྣ་དེ་ཕྱི་ལོ་༢༠༢༦ ལོའི་བྷི་རིག་སེ་ BRICS ཚོགས་ཆེན་ནང་མཉམ་ཞུགས་བྱེད་རྒྱུར་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་གྱི་ས་ཐོག་ཏུ་ཡོང་སྐབས་དེ་སྔ་རྒྱ་དམར་སྲིད་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱོང་ཡོད་པའི་བཙན་བྱོལ་རང་དབང་ལུང་པའི་ནང་འཚོ་གནས་བྱེད་བཞིན་པའི་བོད་ནང་གི་བོད་མི་ཚོའི་སྐུ་ཚབ་ཚོར་མཚོན་ན། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་བར་དྲན་སྐུལ་བྱེད་པའི་དུས་ཚོད་གལ་ཆེན་ཞིག་རེད་ལ། འཛམ་གླིང་འགོ་ཁྲིད་རྣམས་ལའང་རྒྱ་ནག་གི་སྲིད་བྱུས་དང་ཁ་མཁས་ཚིག་སྙན་གྱི་ཁས་ལེན་ལ་ནམ་ཡང་ཡིད་ཆེས་བྱེད་མི་རུང་བའི་དྲན་སྐུལ་བྱེད་བཞིན་ཡོད། ཅེས་བརྗོད་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་ལྷོ་བྱང་གཞོན་ལྷན་ཚོགས་མི་རྣམས་དང་བོད་མི་བརྒྱ་ཕྲག་མང་པོས་ལྡི་ལི་བསམ་ཡས་གླིང་དུ་རྒྱ་དམར་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་ལ་སླེབས་པ་དང་བོད་ནང་ལ་གདུག་རྩུབ་ཅན་གྱི་སྲིད་བྱུས་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱི་དབུ་འབྱེད་བྱེད་སྒོ་ཤིག་ཚོགས་འདུག བྱེད་སྒོ་དེའི་ཐོག བཀའ་ཟུར་རྒྱ་རི་སྒྲོལ་མ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་དབང་འདུས་རྡོ་རྗེ་དང་ཀུན་མཆོག་རིན་ཆེན། རྒྱལ་མཚན་ཆོས་སྐྱིད། དེ་བཞིན་བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས། གཞོན་ལྷན་གྱི་དྲུང་ཆེ་བློ་བཟང་བསྟན་འཛིན་བཅས་ཕེབས་ཡོད་ཅིང་། ཁོང་རྣམ་པས་གཏམ་བཤད་གནང་འདུག
སྐབས་དེར། གཞོན་ལྷན་གྱི་དྲུང་ཆེ་བློ་བཟང་བསྟན་འཛིན་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ BRICS ཚོགས་ཆེན་དང་འབྲེལ་བའི་བསྒྲགས་གཏམ་ཀློག་དོན། དེ་རིང་ནི་ཕྱི་ལོ་༢༠༢༦ ཟླ་༩ ཚེས་༡༡ ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་རིགས་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་གནས་ཡུལ་རྒྱ་གར་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དེས་བྷི་རེག་སི་ BRICS ཚོགས་ཆེན་རྒྱ་གར་ནང་སྐོང་ཚོགས་གནང་ཐུབ་པ་དང་། འཛམ་གླིང་གི་འགོ་ཁྲིད་དང་རྒྱལ་སྤྱིའི་ལས་དོན་ནང་འགན་འཁུར་སྣེ་ཁྲིད་ཀྱི་ནུས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་མཐོང་སྐབས་རྒྱ་གར་གཞུང་མང་གཉིས་ལ་དགའ་སྤོབས་ཆེན་པོས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་བཞིན་ཡོད།
གཞོན་ལྷན་ནས་ BRICS ཚོགས་ཆེན་དང་རྒྱ་གར་གྱི་འགན་འཁུར་གོ་སྒྲིག་ལ་ངོ་རྒོལ་བྱེད་ཀྱི་མེད་པ་གསལ་སྟོན་བྱ་རྒྱུར། རྒྱ་ནག་གི་བཙན་འོག་ན་གནས་པའི་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། མན་ཇུ་རི་ཡ་སོགས་རྒྱལ་ཁབ་ཁག་ལ་འཛིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ཀྱི་གནད་དོན་ཆེད་བསྒྲགས་གཏམ་སྤེལ་བཞིན་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང༌། མི་རིགས་ངོ་བོ་དང་བཅས་པ་རྩ་མེད་གཏོང་མཁན་གྱི་བྱེད་ལྟེ་གཙོ་བོ་དེ་ཡིན་པས། ནག་ཉེས་ཅན་གྱི་མི་སྣ་དེ་ཕྱི་ལོ་༢༠༢༦ ལོའི་བྷི་རིག་སེ་ BRICS ཚོགས་ཆེན་ནང་མཉམ་ཞུགས་བྱེད་རྒྱུར་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་གྱི་ས་ཐོག་ཏུ་ཡོང་སྐབས་དེ་སྔ་རྒྱ་དམར་སྲིད་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱང་མྱོང་ཡོད་པའི་བཙན་བྱོལ་རང་དབང་ལུང་པའི་ནང་འཚོ་གནས་བྱེད་བཞིན་པའི་བོད་ནང་གི་བོད་མི་ཚོའི་སྐུ་ཚབ་ཚོར་མཚོན་ན། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་བར་དྲན་སྐུལ་བྱེད་པའི་དུས་ཚོད་གལ་ཆེན་ཞིག་རེད་ལ། འཛམ་གླིང་འགོ་ཁྲིད་རྣམས་ལའང་རྒྱ་ནག་གི་སྲིད་བྱུས་དང་ཁ་མཁས་ཚིག་སྙན་གྱི་ཁས་ལེན་ལ་ནམ་ཡང་ཡིད་ཆེས་བྱེད་མི་རུང་བའི་དྲན་སྐུལ་བྱེད་བཞིན་ཡོད།
རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེས་ལོ་བཅུ་ཕྲག་དྲུག་ལྷག་རིང་བཙན་གནོན་བྱས་ཡོད་ཀྱང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མེད་པར་བཟོ་ཐུབ་མེད། ད་ལྟ་ “མི་རིགས་མཐུན་སྒྲིལ་ཡར་མཐོན་སྐུལ་སྤེལ་ཁྲིམས་ལུགས” ཞེས་པའི་ཚད་ལྡན་མ་ཡིན་པའི་རྒྱལ་སྤྱིའི་ཁྲིམས་འགལ་གྱི་ཁྲིམས་ཡིག་གསར་པ་དེའི་མགོ་སྐོར་དང་གནོན་ཤུགས་འོག་བཙན་ཤེད་ཀྱིས་བོད་པ་གཙོ་བོར་བྱས་པའི་མི་རིགས་མཉམ་བསྲེས་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུ་དེ་སྒྲིག་འཛུགས་ཅན་ནམ་ཁྲིམས་མཐུན་ཅན་དུ་བསྒྱུར་རྒྱུར་ཐབས་ཤེས་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༢༦ ཟླ་༧ ཚེས་༡ ཉིན་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་མི་དང་མི་རིགས་གཞན་དག་བར་མཉམ་བསྲེས་དང་རྩ་མེད་གཏོང་རྒྱུའི་ཁྲིམས་དེ་བཙན་ཤེད་ཀྱིས་ལག་བསྟར་བྱེད་འགོ་བཙུགས་ཡོད། ཕྱི་ཉིན་སྤྱི་ཟླ་༧ ཚེས་༢ ཉིན་བོད་མིའི་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་གནས་ལས་ཁུངས་མདུན་ཐང་དུ་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད། ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་ནས་བོད་མི་ཁྱོན་གྲངས་༡༧༠ ལ་ཉེ་བ་ཞིག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་དགོས་བྱུང་ཡོད་པ་དེ་ནི་རྒྱ་ནག་གིས་མི་ལོ་བཅུ་ཕྲག་དྲུག་ལྷག་རིང་སྡུག་རྩུབ་བཙན་གནོན་དང་སྲིད་བྱུས་དམ་དྲག་བཀག་སྡོམ་ཚད་མེད་བྱས་པའི་རྐྱེན་ལས་བྱུང་བའི་སྐྱོ་གར་གྱི་གནད་དོན་ཞིག་རེད།
རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་གསར་དེས་བོད་ཀྱི་བྱིས་པ་ཚོར་དམིགས་འབེན་བཟུང་ཡོད་པ་དང་། ཁྲིམས་གསར་དེ་ནི་“མཐུན་སྒྲིལ”མ་ཡིན་པར་དེ་ནི་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུ་དང་། ནག་སུབ་གཏོང་རྒྱུའི་ཚད་ལྡན་མ་ཡིན་པའི་ཁྲིམས་འགལ་གྱི་ཁྲིམས་ཡིག་ཅིག་རེད། དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་གིས་བོད་མིའི་སྐུ་ཚབ་དང་ཐད་ཀར་ངོ་གདོང་ཐུག་ནས་འབྲེལ་བ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་དང་། ང་ཚོས་གྲོས་མོལ་དང་རྩོད་གླེང་ཞི་བའི་ཐོག་ནས་ཡོང་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད། གལ་སྲིད་རྒྱ་ནག་གིས་བོད་དོན་ཐད་ཀྱི་ལངས་ཕྱོགས་དང་གནད་དོན་སེལ་འདོད་ཡོད་ན་བོད་མི་མང་གི་སྐུ་ཚབ་དང་ལྷན་དུ་དངོས་ཡོད་ཀྱི་གྲོས་མོལ་བྱ་དགོས་པ་ལས་དེ་ལ་གཡོལ་དགོས་པའི་རྒྱུ་མཚན་དང་དགོས་དོན་གང་ཡང་མེད།
བོད་ཀྱི་གནད་དོན་ནི་བོད་མི་གཅིག་པུའི་གནད་དོན་ཙམ་མིན་པར་དེ་ནི་ཨེ་ཤེ་ཡའི་ས་ཁུལ་དང་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན། བོད་མཐོ་སྒང་ནི་ཨེ་ཤེ་ཡའི་ཆུ་བོ་གལ་ཆེ་ཤོས་ཀྱི་འབྱུང་ཁུངས་ཡིན་པ་དང་། དེར་བརྟེན་རྒྱ་ནག་གིས་བོད་ཀྱི་ས་ཆ་དང་ཆུའི་ཐོན་ཁུངས་ལ་ཚོད་འཛིན་དང་བེད་སྤྱོད་ལོག་པ་ཚད་ལས་བརྒལ་བ་གཏོང་བཞིན་པ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་བོད་ཀྱི་ཉེ་འདབས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སེམས་ཅན་ས་ཡ་མང་པོའི་ཚེ་སྲོག་གི་གནད་དོན་ལ་ཐུག་པའི་གལ་ཚེའི་གནད་དོན་ཞིག་ཡིན། དཔེར་ན། ཉེ་ཆར་བལ་ཡུལ་དུ་ཆུ་རུད་ཀྱིས་མི་རྒྱུ་ཟོག་གསུམ་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་དོན་རྐྱེན་དེས་དྲན་སྐུལ་གསལ་པོ་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་རགས་བཟོ་བའི་ལས་གཞི་ཆེན་པོ་དེས་གཤམ་རྒྱུད་དུ་ཡོད་པའི་རྒྱལ་ཁབ་ཁག་དང་སེམས་ཅན་ས་ཡ་མང་བོའི་འཚོ་གནས་དང་ཚེ་སྲོག་ལ་ཆུའི་འཇིགས་པ་དང་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད།
བོད་མཐོ་སྒང་ནི་འཛམ་གླིང་ཐོག་ས་ཡོམ་གྱི་ཤུགས་རྐྱེན་ཆེ་ཤོས་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཆེ་ཤོས་ཕོག་པའི་ས་ཁུལ་གྱི་གྲས་ཤིག་རེད། དེ་ནི་གནམ་གཤིས་འགྱུར་ལྡོག་དང་འབྱུང་བཞིའི་གནོད་པ་ལས་བྱུང་བ་ཙམ་མ་ཡིན་བར། དེ་ནི་རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་དང་། ཁ་རླུང་སྦག་གཙོག ཤིང་ནག་གཅོད་བྲེགས་སོགས་བཟོས་པའི་རྐྱེན་གྱིས་གཤམ་རྒྱུད་ཀྱི་རྒྱལ་ཁབ་དང་སེམས་ཅན་མང་པོར་རྐྱེན་ངན་བར་ཆད་དང་གནོད་འཚེ་ཚབས་ཆེན་བཟོས་དང་བཟོ་མུས་ཡིན་པ་དེ་རེད། རྒྱ་ནག་གིས་དེ་ལྟ་བུའི་གོད་ཆག་དེ་དག་རང་བྱུང་གི་རྒྱུ་རྐྱེན་དང་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ཡིན་པར་བཤད་སྲིད་ཀྱང་དོན་དུ་དེ་དག་ནི་མིའི་བྱ་སྤྱོད་ཀྱི་རྐྱེན་ལས་བྱུང་བ་ཞིག་ཡིན། ལྷག་པར་རྒྱ་གར་དང་བལ་ཡུལ། པ་ཀི་སི་ཐན། བྷང་ལ་དྷེ་ཤེ་སོགས་ལ་མཇུག་འབྲས་ཚབས་ཆེན་འཕྲད་སྲིད་པ་དང་། ཨེ་ཤེ་ཡའི་ཤར་ལྷོའི་རྒྱལ་ཁབ་ཁག་ནང་ཞུར་ཡོང་བའི་བོད་ཀྱི་གཙང་ཆུ་ཁག་ལ་རྒྱ་ནག་གིས་སྟངས་འཛིན་བྱེད་བཞིན་ཡོད། བོད་ཀྱི་ཆུ་བོ་དེ་དག་ནི་ཨེ་ཤ་ཡའི་སྲོག་ཤིང་ལྟ་བུ་ཞིག་ཡིན། དེ་དག་ཉེ་འབྲེལ་རྒྱལ་ཁབ་ཁག་ཚོད་འཛིན་བྱེད་པའི་ལག་ཆར་བསྒྱུར་བ་ནི་ཉེན་ཚབས་ཆེན་པོ་ཞིག་ཡིན་པ་མ་ཟད། བོད་ཀྱི་ཉེ་འདབས་རྒྱལ་ཁབ་ཁག་དང་སེམས་ཅན་ས་ཡ་མང་པོའི་འཚོ་གནས་དང་བདེ་འཇགས། དེ་བཞིན་སྐྱེ་ཁམས་ཁོར་ཡུག་བཅས་པར་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད།
རྒྱ་གར་དང་རྒྱ་ནག་དབར་གྱི་མཐའ་མཚམས་རྩོད་རྙོག་སེལ་ཐབས་མེད་པ་ནི། བོད་དང་ཐད་ཀར་འབྲེལ་བ་ཡོད་བས་ཡིན། རྒྱ་ནག་གི་དྲག་པོའི་དམག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ས་མཚམས་ཀྱི་རྩོད་རྙོག་ཐག་གཅོད་བྱེད་པར་འབད་བརྩོན་ཐེངས་མང་བྱས་ཡོད་ཀྱང་། རྒྱ་གར་དང་རྒྱ་ནག་བར་གྱི་མཐའ་མཚམས་ཀྱི་གནད་དོན་ཞིག་མ་ཡིན་པར་དེ་ནི་རྒྱ་ནག་གིས་བོད་ས་བཙན་འཕྲོག་བྱས་པ་ལས་བྱུང་བའི་གནད་དོན་ཞིག་རེད། བོད་དང་རྒྱ་ནག་བར་གྱི་གདན་དོན་དེ་མ་སེལ་བར་རྒྱ་གར་དང་རྒྱ་ནག་གི་མཐའ་མཚམས་གནད་དོན་དེ་ནམ་ཡང་གཏན་འཇགས་ཀྱི་ཐག་གཅོད་ཅིག་ཡོང་ཐབས་མེད་པ་ཞིག་རེད།
རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ལ་ཐེ་གཏོགས་བྱེད་པ་མཚམས་འཇོག་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་དད་རང་དབང་དང་སྲོལ་རྒྱུན་ལ་བརྩི་བཀུར་ཞུ་དགོས། ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་ནི་ཆབ་སྲིད་ཀྱི་བཙན་ཤེད་དང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་ཐེ་ཇུས་ལས་གྲོལ་ཏེ་བོད་བརྒྱད་ནང་བསྟན་གྱི་སྲོལ་རྒྱན་ལྟར་སྤེལ་དགོས་པའི་གལ་ཆེའི་གནད་དོན་ཞིག་ཡིན། ྋགོང་ས་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་ངོས་ནས་མ་འོངས་པར་ཡང་སྲིད་ངོས་འཛིན་གྱི་དབང་ཚད་དེ་དགའ་ལྡན་ཕོ་བྲང་ཐེབས་རྩ་ཁང་གཅིག་པུར་ཡོད་པའི་ར་སྤྲོད་གསལ་པོ་གནང་ཡོད། རྒྱ་ནག་ལ་ཁྲིམས་མཐུན་དང་ཆོས་ལུགས་ཀྱི་དབང་ཆ་གང་ཡང་མེད་པས་བྱ་རིམ་འདི་ལ་བཀའ་བཀོད་གཏོང་རྒྱུ་དང་ཐེ་གཏོགས་བྱེད་བའི་ཐོབ་ཐང་དང་དབང་ཆ་རྩ་བ་ནས་མེད། རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨེ་ཤེ་ཡའི་ནང་ཞི་བདེ་དང་བརྟན་ལྷིང་། མཉམ་གནས་འཆམ་མཐུན་ངོ་མ་ཞིག་དགོས་ན། ད་ལྟའི་བོད་རྒྱ་བར་གྱི་གནད་དོན་དེ་སེལ་དགོས་པས་བྷི་རེག་སི་BRICS གལ་ཆེའི་ཚོགས་ཆེན་འདིའི་ཐོག་ནས་བོད་ཀྱི་གནད་དོན་ཐད་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འཚེ་མེད་ཞི་བ་དང་མང་གཙོའི་ཐབས་ལམ་གྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ནན་བརྗོད་བྱེད་རྒྱུ་དང་། རྒྱ་ནག་གིས་འཚེ་བ་མེད་པ་དང་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འབོད་སྐུལ་བྱེད་བཞིན་ཡོད། བོད་ནང་གི་བོད་མི་ཚོ་སྨྲ་བརྗོད་རང་དབང་དགོས། དེ་བཞིན་བོད་ཀྱི་གནད་དོན་དེ་སྣང་མེད་དུ་དེ་བས་འཇོག་མི་རུང༌། ཅེས་གསུངས་སོང་།