དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག བཞུགས་སྒར་དྷ་རམ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ། བོད་ཀྱི་གཏམ་བརྗོད་ཚན་པས་ཕ་ཡུལ་ཞེས་པའི་གཏམ་བརྗོད་འཁྲབ་སྟོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་། སྐབས་དེར། བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་དང་། འཁྲབ་ཁྲིད་པ་ཧེ་རེལ་ཧྥོ་མན་(Harry Fuhrmann)ལགས། འཁྲབ་སྟོན་པ་པད་མ་མཚམས་གཅོད་ལགས། པད་མ་ལགས། ཡོ་རོབ་རྒྱལ་ཁབ་ཁག་ནང་གཟིགས་འབུལ་ལས་འཆར་འགན་འཁུར་ད་ཇར་མ་ནི་དུ་ཡོད་པའི་༼Tibet Deutschland ༽ ཇར་མན་བོད་དོན་མ་བསྐུལ་དྭང་བླངས་ཚོགས་པའི་འགན་འཛིན་བཅས་ཕེབས་འདུག

ཐོག་མར། ལྷག་པ་ཚེ་རིང་ལགས་ཀྱིས་གཏམ་བརྗོད་དེ་དང་འབྲེལ་བའི་སྐོར་ནས་བརྗོད་དོན། བོད་ཀྱི་གཏམ་བརྗོད་ཚན་པ་ནས་ཕ་ཡུལ་ཞེས་པའི་གཏམ་བརྗོད་དུས་ཡུན་ཆུ་ཚོད་གཉིས་ཙམ་ཡོད་པ་དེ་ཕྱི་ལོ་༢༠༢༦ ཕྱི་ཟླ་ ༡༠ ཚེས་ ༠༩ ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྐུ་མགྲོན་རྣམས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན། དེ་ནས་ཚེས་༡༠ ཉིན་མི་མང་ལ་གཟིགས་འབུལ་ཞུ་རྒྱུ་ཡིན། ཞེས་དང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། དེང་དུས་བོད་ཀྱི་འཐབ་རྩོད་དང་ལྷག་པར་བོད་ནང་དུ་རྒྱ་དམར་གྱི་བོད་མི་ཚོར་གདུག་རྩུབ་མནར་གཅོད་བཏང་དང་གཏོང་བཞིན་པ་དེ་ རྒྱལ་སྤྱིའི་མི་མང་ངོ་སྤྲོད་དང་རྒྱ་གཞུང་གིས་བོད་ཀྱི་ལོས་རྒྱུས་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་བྱེད་ཆེད་ཕ་ཡུལ་ཞེས་པའི་གཏམ་བརྗོད་འདི་བཟོས་པ་རེད། ལྷག་པར་དུ་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་དང་རྒྱ་ནག་གིས་བཙན་བཟུང་ཇི་ལྟར་བྱས་ཡོད་མེད་སྐོར་ཤེས་རྟོགས་ཉུང་བར་ཁོ་ཚོར་དངོས་ཡོད་གནས་ཚུལ་གཏམ་བརྗོད་བརྒྱུད་ཤེས་སུ་བཅུག་ཆེད་དུ་ཡིན། ཞེས་བརྗོད་སོང་།

ཕ་ཡུལ་ཞེས་པའི་གཏམ་བརྗོད་འདི་ནི་སྤྱི་ལོ་༡༩༥༠ ནས་བཟུང་རྒྱ་དམར་གྱི་བོད་ཤར་ཕྱོགས་ནས་བཙན་ འཛུལ་བྱས་པར་བོད་མི་ཚོས་ཞི་དྲག་གཉིས་ཀྱི་ངོ་རྒོལ་འཐབ་འཛིང་ཇི་ལྟར་བྱས་མིན་དང་། བོད་དེ་རྒྱ་ཡི་ལག་ཏུ་ཇི་ལྟར་ཤོར་མིན་སོགས་ཀྱི་དངོས་ བྱུང་ལོ་རྒྱུས་གཞིར་བཞག་ཐོག་བྲིས་པ་ཞིག་ཡིན་ཞིང༌། ལྷག་པར་དུ་གཏམ་བརྗོད་དེའི་ནང་མི་སྣ་གང་ཟག་ཁ་ཤས་ཀྱི་ལོ་རྒྱུས་དེ་སྲིད་དོན་བྱུང་རབས་ཞིག་ཏུ་ལྟ་བ་མིན་པར། རང་གི་ཕ་ཡུལ་བཙན་འོག་ཏུ་ཚུད་སྐབས་མི་མང་དཀྱུས་མ་ཚོ་དང་། གྲྭ་པ་དང་། འབྲོག་པའི་ནང་མི། འཐབ་འཛིང་པའི་ཁྱིམ་ཚང་སོགས་ཀྱི་མི་ཚེ་དང་ཉམས་མྱོང་། དངོས་མཐོང་དང་། སྙིང་སྟོབས། སྡུག་བསྔལ་བཅས་ཀྱི་ལོ་རྒྱུས་གཙོ་བཟུང་བྱས་ཡོད།

ཕ་ཡུལ། ཞེས་པའི་གཏམ་བརྗོད་ནི་དེ་སྔོན་གཏམ་བརྗོད་༼པ་ལགས།༽ཞེས་པ་དེའི་སྟོད་ཆ་ཡིན་པ་དང་གཏམ་བརྗོད་རྩོམ་པ་པོ་ཨ་བྷི་ཤེག་མཱ་ཇུམ་དྷར་(Abhishek Majumdar)དང་ཨ་རིར་གནས་བཞུགས་བཀྲིས་དབང་ཕྱུག་ལགས་གཉིས་ནས་ཉམས་ཞིབ་གཟབ་ནན་གནང་བར་གཞི་བཞག་ཏེ་ཐོག་མར་རྩོམ་པ་པོས་དབྱིན་ཡིག་ནང་བྲིས་པ་དང་། དེ་ནས་བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་གི་བོད་ཡིག་དུ་ཕབ་སྒྱུར་ཞུས་ཡོད་འདུག ཕ་ཡུལ་ནི་ཁྱོན་དུས་ཡུན་ལོ་གསུམ་ཙམ་གྲ་སྒྲིག་བྱས་རྗེས་ཕྱི་ལོ་༢༠༢༦ ལོའི་ཟླ་༨་ཚེས་༣༡ ནས་དངོས་སུ་བོད་ཀྱི་གཏམ་བརྗོད་ཚན་པས་འགན་འཁུར་དང་ཇར་མ་ནི་ནས་ཡིན་པའི་གཏམ་བརྗོད་འཁྲབ་ཁྲིད་པ་ཧེ་རེལ་ཧྥོ་མན་ལགས་ཀྱི་རོགས་རམ་འོག་ བོད་པའི་འཁྲབ་སྟོན་པ་བཅུ་དང་ལས་བྱེད་གསུམ་དྭང་བླངས་པ་ལྔ་བཅས་ཀྱི་འཁྲབ་སྦྱོང་བྱས་ཏེ་རྒྱ་གར་དང་རྒྱལ་སྤྱིའི་ནང་དུ་ཟླ་༡༠་ཚེས་འགོ་ནས་འདོན་སྤེལ་བྱ་རྒྱུ་ཡིན་འདུག

འཁྲབ་སྟོན་འདི་ཆ་ཚང་བོད་སྐད་ཐོག་འཁྲབ་སྟོན་ཞུས་ནས་ལུང་པ་གཞན་གྱི་སྐད་ཡིག་ཐོག་གཤམ་ཡིག་ཡོད་དགོས་ཡོད་པ་ནི་རྒྱལ་སྤྱིའི་གར་སྟེགས་ཁག་ལ་བོད་སྐད་ཀྱི་གསོན་ཉམས་དང་རྒྱ་སྐད་དང་ཐ་དད་ཡིན་པའི་གལ་གནད་དེ་ཁྱབ་སྤེལ་ཞུ་རྒྱུའི་དོན་དུ་ཡིན་པར་ལྷག་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་གིས་བརྗོད་དོན། འདི་ལྟར་བོད་སྐད་རྒྱབ་པ་དེས། ང་ཚོ་བོད་པའི་འཁྲབ་སྟོན་པ་ཚོས་དེང་རབས་ཀྱི་འཁྲབ་གཞུང་ཁོར་ཡུག་ནང་ལ་རང་གི་ཕ་སྐད་གཏིང་ཟབ་ངང་འཇུག་ཐུབ་པ་དང༌། དུས་དེ་དང་མཉམ་དུ་བོད་ཀྱི་སྐད་ཡིག་ལ་ད་ལྟ་འཕྲད་བཞིན་པའི་བཙན་བསྒྱུར་དང་རིག་གཞུང་ཉམས་ཉེས་ཀྱི་ཉེན་ཁའི་གནད་འགག་དེ་གསལ་པོར་མཚོན་ཐུབ་ཀྱི་ཡོད། ཅེས་བརྗོད་སོང་།

ཕྱི་ལོ་༢༠༢༢ དང་ ༢༠༢༣ ལོར་རྒྱ་གར་གྱི་གཏམ་བརྗོད་རྩོམ་པ་པོ་ཨ་བྷི་ཤེག་མཱ་ཇུམ་དྷར་གྱིས་བྲིས་པའི་གཏམ་བརྗོད་ “པཱ་ལགས།" བརྒྱུད་ནས་རྒྱ་གར་རྒྱལ་ཡོངས་དང་རྒྱལ་སྤྱིའི་ནང་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེན་བྱུང་བ་མ་ཟད་གསར་ཁང་དང་དུས་དེབ་མང་པོའི་ནང་ དུའང་བོད་ཀྱི་དཀའ་སྡུག་དང་འཐབ་རྩོད་ཀྱི་ངོ་སྤྲོད་ཧ་ཅང་ཆེན་པོ་བྱེད་ཐུབ་བྱུང་ཡོད་པར་འགྲེལ་བརྗོད་གནང་སོང་།

ད་ལན་ཕ་ཡུལ་དེ་ཡང་༢༠༢༦ ལོའི་རྒྱ་གར་གྱི་གཏམ་བརྗོད་དུས་སྟོན་ཆེ་བ།༼Prithivi Theatre festival ༽ དང་། ༢༠༢༧ ལོའི་ཇར་མ་ནི་དུ་ཡོད་པའི་རུ་ཧོ་ཧྥེ་ཤི་པི་ལེ། ༼ Ruhrfestspiele Recklinghausen ༽ཞེས་པའི་གཏམ་བརྗོད་དུས་སྟོན། སུས་སི་ཝིན་ཊར་ཐུར་གཏམ་བརྗོད་དུས་སྟོན་སོགས་ལ་འདེམས་སྒྲུག་ཀྱིས་མགྲོན་འབོད་གནང་ཚར་བ་མ་ཟད་ད་དུང་ཇར་མ་ནིའི་གྲོང་འཁྱེར་གཞན་ཁག་དང་སུད་སི། སྦེལ་ཇམ། ཧྥ་རན་སི་སོགས་ཀྱི་ནང་དུའང་གཟིགས་འབུལ་ཞུ་འཆར་ཡོད་འདུག ཡོ་རོབ་ནང་གི་གཟིགས་འབུལ་ལས་འཆར་ཆ་ཚང་འགན་འཁུར་དེ་ཇར་མ་ནིད་དུ་ཡོད་པའི་༼Tibet Deutschland ༽ ཇར་མན་བོད་དོན་མ་བསྐུལ་དྭང་བླངས་ཚོགས་པས་གནང་གི་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་གྱི་གཏམ་བརྗོད་འཁྲབ་སྟོན་འཛིན་ཤོག་ལ་སྒོར་༣༠༠་བྱས་ནས་གཟིགས་འབུལ་ཞུ་རྒྱུ་དང་དེ་ནས་གཡས་གཡོན་གྱི་སློབ་གྲྭ་ཁག་རྒྱ་གར་གི་གཏམ་བརྗོད་དུས་སྟོན་ཁག་འགྲོ་རྒྱུ་དང༌། ལོ་རྗེས་མར་ཕྱི་ཟླ་གསུམ་པ་ནས་རྒྱ་གར་ནང་གི་བོད་པའི་གཞིས་ཆགས་དང་སློབ་ཆེན་ཁག་ནང་གཟིགས་འབུལ་ཞུས་པའི་རྗེས་སུ་ཕྱི་ཟླ་ལྔ་པ་ནས་ཡོ་རོབ་ཁུལ་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་སོང་།