ཕྱི་ལོ་༢༠༢༦ ཟླ་བ་༩ ཚེས་༢ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གློང་གཙུག་ལག་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་༦༦ འཁོར་བའི་དུས་ཆེན་སྲུང་བརྩི་གནང་སོང་། སྐབས་དེར། སྲིད་སྐྱོང་མཆོག་གིས་གསུང་དོན། རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་གཏོར་གྱི་དམིགས་གཏད་གཙོ་བོར་བོད་ཀྱི་ཆོས་རིག་དང་སྐད་ཡིག་རྩ་མེད་གཏོང་རྩིས་ཡིན་པ་ལྟར། ང་ཚོ་གཞིས་བྱེས་གཉིས་ནས་སྒེར་སོ་སོའི་ཁྱིམ་ཚང་ནང་བོད་སྐད་ཤོད་པ་དང་། བོད་ཡིག་ཀློག་འདོན། བོད་བརྒྱུད་ནང་བསྟན་གྱི་བྱམས་བརྩེའི་བསླབ་བྱ་ངོ་སྤྲོད་དང་། རྒྱུན་ལྡན་ཆོ་ག་ལག་ལེན། སྲོལ་རྒྱུན་དུས་སྟོན་བརྩི་སྲུང་དང་། ཆས་གོས་དང་སྒྱུ་རྩལ་ལ་གོམས་འདྲིས་བསྟེན་ཐབས་ཐོག །དེར་མཐུན་གྱི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་བྱེད་སྒོ་ཁག་ནང་མཉམ་ཞུགས་ཡོང་ཐབས་འབད་བརྩོན་བྱ་རྒྱུ་ནི་གཞན་གྱི་གནོན་ཤུགས་ཀྱིས་ཁ་ལོ་བསྒྱུར་ཐུབ་པ་ཞིག་མིན་པས། ཕ་མ་སོ་སོས་ཕྲུ་གུའི་དགེ་རྒན་དང་པོ་རང་ཉིད་ཡིན་པའི་འགན་ཁུར་ལེན་ཐུབ་དགོས།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གློང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་དང་། སྲི་ཞུ་བ། གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་འཐུས་མི་རྣམ་པ། སེར་སྐྱ་ཕོ་མོ། སློབ་ཕྲུག་སོགས་ཚང་འཛོམས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་༦༦ འཁོར་བའི་དུས་ཆེན་སྲུང་བརྩི་གནང་སོང་།
ཐོག་མར། ཚང་མ་སྐུ་བཞེངས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར་རྗེས་བོད་ཀྱི་ཟློས་གར་ཚོགས་པས་མང་གཙོའི་གསར་གཞས་འབུལ་ལམ་ཞུས་སོང་།
དེ་ནས་སྲིད་སྐྱོང་མཆོག་གིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༦ པའི་ཐོག་བཀའ་ཤག་གི་གསུང་བཤད་གནང་དོན། བཙན་བྱོལ་ནང་བོད་མིའི་མང་གཙོའི་ལམ་བཟང་སྲོལ་བཏོད་དེ་མི་ལོ་ ༦༦ ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་འདིའི་ཐོག །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྟེང་ནས་གཤམ་དུ་མང་གཙོའི་ལམ་ལུགས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་སྐུལ་འདེད་མཛད་ཅིང་། མགོན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་མི་རབས་རྒན་པ་ཚོར་བཀའ་དྲིན་ཚོར་ཤེས་དང་ཆབས་ཅིག དུས་ཆེན་མཛད་སྒོར་མཉམ་ཞུགས་བྱེད་མཁན་སྐུ་མགྲོན་རྣམ་པ་དང་། སེར་སྐྱ་མང་ཚོགས་བཅས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
འདས་པའི་མི་ལོ་ ༦༦ ལ་ཕྱིར་ལྟ་བྱེད་སྐབས། ང་ཚོར་ངེས་ཤེས་རྙེད་པའི་ཉམས་མྱོང་ཞིག་ནི། ཕ་རོལ་པོའི་མ་རུང་བའི་བསམ་སྦྱོར་ལ་ཁ་གཏད་དང་། སྤྱི་ཚོགས་སྐྱོན་བྲལ་ངང་ཡར་རྒྱས་འགྲོ་བའི་རྨང་གཞི་གཙོ་བོ་ཞིག་ནི། མང་གཙོའི་ལྟ་གྲུབ་ལ་མོས་གུས་དང་། མང་གཙོ་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་ཡིན་པ་དང་། དེ་ཡང་མང་གཙོ་ནི་མི་མང་གིས་དབང་སྒྱུར་བྱེད་པ་ཁོ་ན་མིན་པར། མི་མང་གི་སྐུ་ཚབ་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཀྱིས་དབང་སྒྱུར་བྱེད་དགོས་པའི་རྩ་དོན་རྒྱུན་འཁྱོངས་དང་། ང་ཚོ་མི་རེ་ངོ་རེར་བཅའ་ཁྲིམས་ཀྱིས་འགན་སྲུང་བྱས་པའི་གཞི་རྩའི་ཐོབ་ཐང་ཡོད་པ་དང་མཉམ་དུ། སྤྱི་ཚོགས་ཀྱི་བདེ་འཇགས་དང་རྩ་དོན་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཡང་ཡོད་པ་དེ་ངེས་པར་དུ་གོ་རྟོགས་ཡོད་དགོས།
མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་ཡོང་རྒྱུ་ནི་ཆོས་ཉིད་ཡིན་ལ། དེང་སང་སྤྱི་ཚོགས་དྲ་རྒྱའི་དུས་རབས་འདིར། རང་དབང་བེད་སྤྱོད་ལོག་པར་བཏང་སྟེ། ཁ་གཏད་གཅོག་ཡུལ་ངོ་མ་དེ་ཟུར་དུ་བཞག་ནས། ང་ཚོའི་སྤྱི་ཚོགས་ནང་ཁུལ་དུ་ཕར་ཚུར་དམའ་འབེབས་དང། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར། དཀྲོག་གཏམ་དཀྲུགས་ཤིང་འགྲེམས་སྒྲོགས་རྒྱུན་མཐུད་ཡོང་བཞིན་ཡོད་པའི་ཁོངས། རྒྱ་དམར་གཞུང་གི་དངུལ་དངོས་ཀྱི་ཁེ་ཕན་རྗེས་འབྲངས་བྱེད་མཁན་དེ་ཚོར་གདོང་ལེན་མཐའ་གཅིག་ཏུ་བྱ་རྒྱུ་ལས་གདམ་ག་གཞན་མེད་ལ། །དེ་མིན་ང་ཚོ་ནང་ཁུལ་ནས་ལས་གཞི་གང་ཞིག་སྤེལ་སྐབས་དང་། སྐད་ཆ་གང་ཞིག་ཤོད་སྐབས། གཞིས་ལུས་མི་མང་སེམས་ཤུགས་ཆགས་གཞི་དང་། ཕར་ཕྱོགས་ཁ་གཏད་ཀྱི་གྲོགས་སུ་འགྱུར་གཞིའི་དགྲ་དགའ་གཉེན་སྡུག་ཇི་ཆགས་ངེས་པར་དུ་བསམ་བློ་གཏོང་ཐུབ་དགོས།
འཛམ་གླིང་སྤྱི་དང་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་བྱུང་རིམ་དུ། ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱུང་ན་རྒྱལ་ཁ་ཐོབ་ཀྱི་ཡོད་པ་དང་། དེ་མིན་ནང་ཁུལ་གྱི་རྙོག་དྲ་ནང་དུ་ཐིམ་ནས། ཕ་རོལ་པོར་ཁ་གཏད་གཅོག་པའི་ནུས་པ་ཉམས་དམས་སུ་སོང་ན་ཕམ་ཁ་འབྱུང་རྒྱུ་ལས་མེད་པས། ང་ཚོ་བོད་མི་ཚོས་དེ་ལས་བསླབ་བྱ་བླངས་ཏེ། ང་ཚོའི་བོད་དོན་འཐབ་རྩོད་ཀྱི་ནུས་སྟོབས་ཉམས་དམས་དང་། ནང་ཁུལ་གྱི་ཆིག་སྒྲིལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་རིགས་ལ་གདོང་ལེན་བྱ་རྒྱུར་བོད་མི་ཚང་མས་སྤྱང་གྲུང་དོད་པོ་དང་། རྣམ་དཔྱོད་རྩལ་སྤྲུགས་བྱེད་དགོས།
རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་ད་བར་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་རྒྱུན་མཐུད་སྤེལ་ཡོད་པ་དང་། ལྷག་པར་ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་ཙམ་གྱི་གོང་ནས་ཇེ་སྡུག་ཇེ་ཐུར་སོང་བའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྙན་ཐོ་རིམ་པར་བཏོན་ཏེ་རྒྱལ་སྤྱིའི་ཁྲིམས་དང་མ་མཐུན་པའི་ཁུངས་སྐྱེལ་བྱས་ཡོད་པ་ལྟར། ང་ཚོའི་ངོས་ནས་དེར་དགག་པ་དང་ངོ་རྒོལ་ཡོད་ཅེས་འབོད་ཚིག་བསྒྲགས་པ་ཙམ་གྱིས་མི་འདང་བར། རྒྱ་དམར་གཞུང་གི་ངན་བྱུས་རྣམས་རྒྱུས་ལོན་ཡོད་པའི་ཐོག་ནས་ཐེར་འདོན་དང་གདོང་ལེན་བྱེད་དགོས་པ་ཡིན་པས། བོད་མིའི་སྒྲིག་འཛུགས་ནས་གདོང་ལེན་བྱེད་སྒོ་ཁག་ལ་མང་ཚོགས་ནས་ཀྱང་མཉམ་རུབ་དགོས་གལ།
རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་གཏོར་གྱི་དམིགས་གཏད་གཙོ་བོར་བོད་ཀྱི་ཆོས་རིག་དང་སྐད་ཡིག་རྩ་མེད་གཏོང་རྩིས་ཡིན་པ་ལྟར། ང་ཚོ་གཞིས་བྱེས་གཉིས་ནས་སྒེར་སོ་སོའི་ཁྱིམ་ཚང་ནང་བོད་སྐད་ཤོད་པ་དང་། བོད་ཡིག་ཀློག་འདོན། བོད་བརྒྱུད་ནང་བསྟན་གྱི་བྱམས་བརྩེའི་བསླབ་བྱ་ངོ་སྤྲོད་དང་། རྒྱུན་ལྡན་ཆོ་ག་ལག་ལེན། སྲོལ་རྒྱུན་དུས་སྟོན་བརྩི་སྲུང་དང་། ཆས་གོས་དང་སྒྱུ་རྩལ་ལ་གོམས་འདྲིས་བསྟེན་ཐབས་ཐོག །དེར་མཐུན་གྱི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་བྱེད་སྒོ་ཁག་ནང་མཉམ་ཞུགས་ཡོང་ཐབས་འབད་བརྩོན་བྱ་རྒྱུ་ནི་གཞན་གྱི་གནོན་ཤུགས་ཀྱིས་ཁ་ལོ་བསྒྱུར་ཐུབ་པ་ཞིག་མིན་པས། ཕ་མ་སོ་སོས་ཕྲུ་གུའི་དགེ་རྒན་དང་པོ་རང་ཉིད་ཡིན་པའི་འགན་ཁུར་ལེན་ཐུབ་དགོས།
ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཤེས་རྟོགས་བྱུང་བ་ ༡༥༧ དང་། བཙན་བྱོལ་ནང་ཉེ་ལམ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཚུད་པའི་བོད་མི་ ༡༡ ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པ་དང་། བོད་ནང་ྋཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་མཆོག་གིས་གཙོས་པའི་ཆབ་སྲིད་བཙོན་པ་བརྒྱ་ཕྲག་དུ་མ་བཙོན་འོག་ཏུ་བཅུག་ཡོད་པ་མ་ཟད། ཁོར་ཡུག་དང་། སྐད་ཡིག །རིག་གཞུང་ལ་སོགས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་རིགས་ལ་བཀག་བསྐྱིལ་དང་། འདྲི་གཅོད། རྒྱུ་དངོས་གཞུང་བཞེས་སོགས་བརྙས་བསུན་སྣ་ཚོགས་བཟོས་དང་བཟོ་བཞིན་པ་ནི། རྒྱ་དམར་གཞུང་གིས་འགྲོ་བ་མིའི་བཟང་སྤྱོད་དང་། ལྷན་སྐྱེས་ཀྱི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཛེམས་ཟོན་གཏན་ནས་བྱེད་ཀྱི་མེད་པའི་དཔང་རྟགས་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་ལས་བྱུང་ཞིང་། ད་དུང་རྒྱུན་སྐྱོང་བྱེད་བཞིན་པའི་བོད་མིའི་མང་གཙོའི་ལམ་བཟང་འདི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཡུན་གནས་དང་། བོད་དོན་འཐབ་རྩོད་རྒྱུན་སྲིང་གི་རྩིག་རྨང་གལ་ཆེན་ཞིག་ཡིན་པས། མང་གཙོའི་ལམ་སྲོལ་འདིར་དགའ་མོས་དང་། གཅེས་སྤྲས་བྱས་པའི་ཐོག་ནས། འཐུས་ཚང་དང་ཡར་རྒྱས་ཡོང་ཐབས་ལ་གདུང་ཤུགས་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་སོང་།
བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༦ ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་སྒྲོག་སྦྱོང་གནང་དོན། དེ་ཡང་བཙན་བྱོལ་དུ་འབྱོར་མ་ཐག་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མང་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དོན་དུ། “བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འབྱོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་” ཞེས་ཇི་ལྟར་བཀའ་སློབ་ཕེབས་དགོངས་བཞིན་བོད་མིའི་འདུས་སྡོད་ས་གནས་ཁག་ནས་ཆོལ་ཁ་རེ་ནས་མི་འཐུས་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་སོ་སོ་ནས་མི་འཐུས་རེ་བཅས་དྲག་འདེམས་ཀྱིས་མིང་ཐོ་འབུལ་ལམ་ཞུས་པར་ཕྱག་རྟགས་ཕེབས་གསལ་ལྟར་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་བསྐོ་གཞག་བྱུང་སྟེ་ཁོང་རྣམས་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཞོགས་པ་ཆུ་ཚོད་ ༩ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་མཇལ་ཕྱག་དམ་འབུལ་ཞུས་པ་དང་འབྲེལ། ཆོས་སྲིད་གཉིས་ལྡན་གྱི་བོད་མིའི་མང་གཙོའི་གཞུང་ཐོག་མར་དབུ་བརྙེས།
གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ནི་མང་གཙོའི་ལམ་སྲོལ་ལོངས་སྤྱོད་བྱ་རྒྱུ་ཕར་བཞག་རྒྱ་ནག་དམར་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་འཕྲོག་སྟེ་ཆོས་དད་དང་། འགྲོ་འོང་། སྨྲ་བརྗོད། སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་སོགས་ཀྱི་རང་དབང་གཏན་ནས་མེད་པར་གནས་ཡོད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ནང་བཙན་འཛུལ་གྱིས་ཕྱི་ལོ་ ༡༩༥༩ ལོར་བོད་རྒྱལ་ཁབ་ཆེན་པོའི་མངའ་དབང་ཡོངས་སུ་རྫོགས་པ་ཧམ་ཟོས་བྱས་པ་ནས་བཟུང་། བོད་ཡུལ་སྟོད་སྨད་བར་གསུམ་གང་སར་གཏེར་ཁ་སྔོག་འདོན་དང་། ནགས་ཚལ་གཅོད་འབྲེག ལྷོ་ཆུ་བྱང་འདྲེན། གློག་ཁང་གསར་རྒྱག གཙང་པོ་བཀག་སྐྱིལ་དང་ཁ་བསྒྱུར་སོགས་ཀྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་དང་གཏོང་མུས་མ་ཟད། བོད་མིའི་རྩ་ཆེའི་ཆོས་རིག་གི་ལྟེ་གནས་དགོན་ཁག་དྲུག་སྟོང་ལྷག་གཏོར་བཤིག་བཏང་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་སྲོལ་བཟང་རྩ་གཏོར་བཏང་སྟེ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་སྣ་ཚོགས་འོག་བོད་མི་འབུམ་བཅུ་གཉིས་ལྷག་གི་ཚེ་སྲོག་ཤོར་བ་བྱུང་ཡོད་ལ། དུས་ད་ལྟའང་གཞིས་བཞུགས་བོད་མི་ཚོར་རང་དབང་གཏན་ནས་མེད་པར་བོད་མི་མང་པོ་དམར་གསོད་དང་། འཛིན་བཟུང་། བཙོན་འཇུག བཀག་ཉར་སོགས་ཚད་ལས་བརྒལ་བའི་སྡུག་བསྔལ་མྱངས་བཞིན་པར་བརྟེན། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཞབས་སོར་འཁོད་དགོས་པ། བོད་ལ་རང་དབང་རང་བཙན་དགོས་པ་སོགས་ཀྱི་དགོས་འདུན་འོག་རྒྱ་གཞུང་ལ་ཞི་རྒོལ་རིམ་པ་བྱས་ཤིང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནས་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༥༧ གྱིས་སྔ་རྗེས་སུ་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་དགོས་བྱུང་ཡོད།
རྒྱ་ནག་དམར་གཞུང་གིས་མཐུན་སྒྲིལ་དང་ཡར་རྒྱས་ལ་ཁ་གཡར་ཏེ་མི་རིགས་རྩ་མེད་བཟོ་རྒྱུའི་ངན་བྱུས་ཀྱི་ཁྲིམས་ཡིག་ “མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐུལ་འདེད་ཀྱི་ཁྲིམས་ཡིག་” ཟེར་བ་ལག་བསྟར་གྱི་ཉིན་གཉིས་པ་སྟེ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་བོད་ཀྱི་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་བོད་རང་དབང་རང་བཙན་སླར་གསོའི་ཆེད་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། ཁྲིམས་ཡིག་དེ་ནི་བོད་མི་རིགས་དང་རྒྱ་ནག་དམར་གཞུང་འོག་མྱངས་དང་མྱོང་བཞིན་པའི་མི་རིགས་དེ་ཚོ་གཅིག་པུའི་གནས་ཚུལ་ཞིག་མིན་པར། མི་རིགས་ཤིག་གི་ངོ་བོར་ཉེན་ཁ་བྱུང་ཚེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞིའི་གཞི་རྟེན་ལའང་ཉེན་ཁ་བཟོ་བཞིན་ཡོད་མེད་རྟོགས་ཞིབ་དགོས་པ་ཡིན། དེ་བཞིན་ཁྲིམས་དེས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་ཉེན་ལ་སོང་། རང་དབང་ལུང་པའི་ནང་བདེན་པ་དང་། འཚེ་མེད་ཞི་བའི་ཐོག་ནས་རང་དབང་སླར་གསོའི་ཆེད་ལས་འགུལ་སྤེལ་མཁན་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་སྲུང་སྐྱོབ་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན། རང་དབང་ལུང་པའི་ནང་གནས་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་མགྲིན་ཚབ་པ་རྣམས་ནས་ཀྱང་དཔའ་བོ་དཔའ་མོའི་བློས་གཏོང་རྣམས་ཡིད་ལ་བཅངས་ནས་རྒྱ་ནག་དམར་གཞུང་གི་སྲིད་བྱུས་འདིའི་ཐོག་རྒྱུས་ལོན་གྱིས་སོ་སོའི་ས་གནས་སུ་གོ་རྟོགས་སྤེལ་བ་བརྒྱུད་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་སུ་ཞུ་སྐུལ་མུ་མཐུད་སྤེལ་ཐུབ་པ་བྱ་དགོས།
རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་དམ་པ་ཁོང་གི་མཐའ་མའི་ཞལ་ཆེམས་ནང་ “ང་ཚོར་མང་གཙོ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱིས་དངོས་གནས་དྲང་གནས་མང་གཙོ་ཚད་ལྡན་གནང་བར་ང་ཚོར་དངོས་གནས་དྲང་གནས་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད། དེ་ག་ནང་བཞིན་གྱིས་ང་ཚོ་མི་རྒྱུ་གཉིས་ཀྱིས་འགྲོ་སོང་གང་ཡང་གཏོང་མི་དགོས་པའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་མར་གནང་ནའང་ང་ཚོས་མི་དགོས་ཟེར་ནས་ཡར་ཕུལ་བསྡད་པ་རེད། ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་ཚད་ལྡན་ཞིག་གནང་བཞག་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གནང་བ་དེ་གང་རེད་ཟེར་ན། ནང་ལོགས་ལ་ནང་འཛིང་དགོས་པའི་ཆེད་དུ་རྩ་བ་ནས་མ་རེད། དེ་བོད་མི་རིགས་ཀྱི་ཆེད་དུ། བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡར་རྒྱས་ཤིག་འགྲོ་ཐུབ་ན།” ཞེས་གསུངས་པ་ལྟར་མང་གཙོའི་ལམ་ལུགས་ནང་ལོ་ལྔ་རེའི་མཚམས་ནས་བོད་མིའི་ཆབ་སྲིད་ཀྱི་འགོ་འཁྲིད་རྣམ་པ་བརྗེ་སྒྱུར་བྱ་རྒྱའི་དུས་སྐབས་རེ་འཁེལ་གྱི་ཡོད་པ་མཁྱེན་གསལ་ལྟར། ང་ཚོས་བཙན་བྱོལ་ནང་ལག་བསྟར་བྱས་པའི་མང་གཙོ་འདི་རང་དགར་ཐོབ་པའི་ཁེ་ཕན་ཞིག་ཏུ་མི་བརྩི་བར། དེ་ནི་ང་ཚོའི་འགན་འཁྲི་དང་གཅེས་སྲུང་བྱ་དགོས་པའི་རིན་ཐང་ཞིག་ཏུ་བརྩིས་ནས་མང་གཙོ་ལག་ལེན་བསྟར་སྐབས་ཕན་ཚུན་གུས་བརྩི་དང་། བཟོད་བསྲན། ཁྲིམས་ལ་བརྩི་སྲུང་། འགན་འཁྲི་དང་དྲང་བདེན་བཅས་གཞིར་བཞག་དགོས་པ་ཡིན། རྒྱལ་ཁབ་རང་བཙན་ཡོད་པའི་ནང་སྲིད་དོན་གྱི་འགྲན་སྡུར་ཡོང་གི་ཡོད་ཀྱང་། རང་ཅག་ནི་བཙན་བྱོལ་བའི་གནས་སྟངས་འོག་མང་གཙོ་ལག་བསྟར་བྱེད་བཞིན་པ་ཡིན་པས་མི་མང་གི་མཐུན་སྒྲིལ་དང་མང་གཙོའི་འགན་ཁུར་ནི་ཡུན་རིང་གནས་དགོས་པ་ཡིན་པ་ཚང་མས་ཐུགས་ལ་བཅངས་དགོས།
བཙན་བྱོལ་དུ་གནས་ཡུན་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་བོད་དོན་འཐབ་རྩོད་དང་བོད་མིའི་མང་གཙོ་འཕེལ་རྒྱས་ཐོག་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དེ་རྗེས་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་རང་ཁོངས་ལས་བྱེད་པ་སངས་རྡོ་རྗེ་ལགས་དང་། པདྨ་ཚེ་རིང་ལགས་རྣམ་གཉིས་ལ་ཞབས་ལོ་ ༢༥ ཧྲིལ་པོ་ལོན་པར་གཟེངས་རྟགས་ཕྱག་འཁྱེར་དང་། ཤེས་རིག་ལས་ཁུངས་ནས་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་སློབ་མཐར་ཕྱིན་པའི་སློབ་ཕྲུག་བདུན་ལ་འབུམ་ཪམས་པའི་ཆེ་བསྟོད་ལག་འཁྱེར་དང་ལེགས་སྐྱེས། དེ་བཞིན་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་སུ་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༩༥ ཡན་ལོན་པའི་སློབ་ཕྲུག་བཞི་ལ་ཕུལ་བྱུང་བྱ་དགའ་དང་ལེགས་སྐྱེས་སུ་པང་ཐོག་ཀམ་པཱུ་ཊར་རེ་གནང་སོང་།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་གསུམ་གྱི་རྩེ་ཕུད་ཨང་རིམ་དང་པོ་དང་། གཉིས་པ། གསུམ་པ་སོན་པའི་སློབ་ཕྲུག་བཅུ་ལ་དགའ་ལྡན་ཕོ་བྲང་བྱ་དགའ་གནང་བ་དང་། རྒྱ་རིགས་ཁག་གཅིག་གི་དཔྱད་རྩོམ་ཕྱོགས་བསྡུས་དཔེ་དེབ་རྒྱ་གཞུང་གིས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཐོག་ཐེ་ཇུས་བྱེད་དབང་མེད་ཅེས་པའི་རྒྱ་ཡིག་ཏུ་ཡོད་པ་དབུ་འབྱེད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་། སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཁག་ཕྱོགས་བསྒྲིགས་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་དེབ་ཕྲེང་གསུམ་པ་བཅས་དབུ་འབྱེད་གནང་སོང་།
དེ་རྗེས། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་ནས་རྩོམ་སྒྲིག་གནང་བའི་བོད་ཀྱི་ཕྱི་འབྲེལ་ལོ་རྒྱུས་དང་དེའི་ཐབས་བྱུས་ཀྱི་དོན་ཆེན་ལོ་ཚིགས་རིམ་བྱུང་སྟར་ལ་རྒྱུས་པའི་གཏམ་བྱུ་རུའི་ཕྲེང་བ་ཞེས་པའི་ཕྱག་དེབ་ཨིན་སྒྱུར་ཞུས་པ་དཔེ་དེབ་<<A Chronicle of Tibet’s Foreign Relations & Policy (7th-21stCentury) >> ཅེས་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དཔེ་དེབ་བོད་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་ལམ་ལོ་རྒྱུས་ཞེས་པ་དབུ་འབྱེད་གནང་སོང་།
མཐའ་མར། དྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་སྐལ་བ་བཟང་པོ་འདི་རུ་ཐོབ་ཅེས་པ་དང་། མེག་གྷན་ཉིན་མོ་སློབ་གྲྭ་ནས་སྟོད་མངའ་རིའི་འཁྲབ་གཞས་འཛམ་གླིང་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས་ཞེས་པ། གངས་སྐྱིད་དཔེ་སྟོན་སློབ་གྲྭ་ནས་མཇལ་བའི་སྨོན་ལམ་ཞེས་པ། ཡོངས་གླིང་སློབ་གྲྭ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་༸སྐུའི་འཁྲུངས་སྐར་ཞེས་པ། བོད་ཀྱི་ཟློས་གར་ནས་ལྷོ་ཁའི་འཁྲབ་གཞས་ཉི་མ་ཤར་གྱི་ཕྱོགས་ནས་ཤར་བྱུང་ཅེས་གཞས་སྣ་གཟིགས་འབུལ་ཞུས་ཏེ་གཞུང་འབྲེལ་མཛད་སྒོ་གྲོལ་སོང་།