ཕྱི་ལོ་༢༠༢༦ ཟླ་༧ ཚེས་༣༡ ཉིན་སྤེལ། ཨ་རི་གྲོང་འཁྱེར་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ། ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་༦༢་ལྷག་གིས་ ༼བོད་རང་བཙན་སླར་གསོ། དཔའ་བོ་དཔའ་མོའི་རྗེས་དྲན། དགྲ་བོ་ལ་ངོ་རྒོལ་ཆེད་བོད་མིའི་སྐྲ་བཞར་གྱི་ལས་འགུལ། ༽ ནང་མཉམ་ཞུགས་གནང་ནས་ཁོང་ཚོའི་སྐྲ་བཞར་ཡོད་འདུག ལས་འགུལ་དེ་ནི་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གཙོ་པའི་བོད་རང་དབང་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་དང་། རྒྱ་དམར་སྲིད་གཞུང་གིས་བོད་ནང་མི་རིགས་རྩ་མེད་གཏོང་བའི་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་བྱེད་ཆེད་སྤེལ་བ་ཞིག་ཡིན་འདུག
དེ་ཡང་། ཨ་རིའི་དུས་ཚེས་ཟླ་འདིའི་ཚེས་༣༠ ཉིན་གྱི་ཕྱི་རོལ་ཆུ་ཚོད་༣ པའི་ཐོག ༼བོད་རང་བཙན་སླར་གསོ། དཔའ་བོ་དཔའ་མོའི་རྗེས་དྲན། དགྲ་བོ་ལ་ངོ་རྒོལ་ཆེད་བོད་མིའི་སྐྲ་བཞར་གྱི་ལས་འགུལ། ༽ འགོ་འཛུགས་བྱས་ཡོད་ཅིང་། སྐབས་དེར། བོད་མི་༥༠་ཙམ་དངོས་སུ་ས་གནས་དེར་སྐྲ་བཞར་ཡོད་པ་དང་། ཁག་ཅིག་གིས་ལས་ཀ་དང་དུས་ཚོད་དབང་གིས་སོ་སོ་ཡོད་སར་སྐྲ་བཞར་ནས་ཁྱོན་བོད་མི་༦༢ ལྷག་གིས་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་འདུག
ཁོང་ཚོའི་བཞར་པའི་སྐྲ་རྣམས་ཀྱིས་དཔའ་བོ་བློ་དགའ་རང་བཙན་ལ་དྲང་བདེན་དགོས་ཞེས་བྲིས་འདུག ཁོང་གིས་བོད་རང་དབང་དང་རང་བཙན་གྱི་ཆེད་དུ་བློས་གཏོང་བྱས་པར་དྲན་གསོ་ཞུ་ཆེད་ཡིན་འདུག དེ་ནས་བོད་མི་བརྒྱ་ཕྲག་འགའ་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་འཛོམས་ནས་དཔའ་བོ་བློ་དགའ་རང་བཙན་ལ་དྲང་བདེན་དགོས། བོད་ལ་རང་དབང་དགོས། རྒྱ་མི་བོད་ནས་ཕར་རྒྱུག་ཤིག མཉམ་འབྲེལ་རྒྱལ་ཚོགས། ཁྱོད་གཉིད་སད་རན། བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་རང་བཙན་དགོས། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་སྲུང་སྐྱོབ་དགོས། སོགས་སྐད་འབོད་གནང་འདུག
དེ་ནས་བོད་མི་བརྒྱ་ཕྲག་མང་པོ་ནིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་འདུ་འཛོམས་བྱས་ཏེ། ཁོང་ཚོས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་། དེ་བཞིན་བོད་མི་དང་བོད་ཀྱི་རིག་གཞུང་། སྐད་ཡིག བསམ་བློའི་རང་དབང་། ཆོས་དད་རང་དབང་། གཞི་རྩའི་ཐོབ་ཐང་རྣམས་ལ་མུ་མཐུད་དྲག་གནོན་དང་དམ་དྲག་བྱེད་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་འདུག
ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བྱམས་འཕེལ་ཆོས་བཟང་ལགས་ཀྱིས་བརྗོད་དོན། ང་ཚོའི་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་གནང་ཡོད། ཁོང་ཚོས་རང་ཉིད་ཀྱི་ཆེད་དུ་མིན་པར་ང་ཚོ་ཚང་མའི་ཆེད་དང་། མ་འོངས་པའི་མི་རབས་ཀྱི་ཆེད། བོད་རང་དབང་དང་རང་བཙན་ཡོང་བའི་རྨི་ལམ་གྱི་ཆེད་དུ་བློས་བཏང་བ་རེད། ཁོང་ཚོའི་སྙིང་སྟོབས་ནམ་ཡང་བརྗེད་མི་རུང་ལ། ཁོང་ཚོའི་བློས་བཏང་ནམ་ཡང་དོན་མེད་དུ་འགྲོ་མི་རུང་།
ང་ཚོའི་བརྩེ་བའི་བློ་དགའ་རང་བཙན་ལགས་ཀྱིས་འཛམ་གླིང་གི་རྣམ་ཤེས་སད་པར་བྱེད་ཆེད་དང་། བོད་ཀྱི་འཐབ་རྩོད་ད་དུང་མཇུག་རྫོགས་མེད་པ་དྲན་སྐུལ་བྱེད་པའི་ཆེད་དུ་མཐའ་མའི་བློས་གཏོང་གནང་ཡོད། ཁོང་གི་བརྡ་ལན་གསལ་པོ་ཡིན་ཏེ། བོད་ཀྱི་ཆེད་དུ་ནམ་ཡང་བློས་མི་གཏོང་།
དེ་རིང་ངས་བོད་མི་སྤུན་ཟླ་ཚང་མར་འབོད་སྐུལ་ཞུ་རྒྱུ་ནི། རང་རེའི་རྒྱལ་ཁབ་ཆེད་དུ་ཡར་ལོངས་ཤོག ནུས་པ་གང་ཡོད་ཀྱིས་ངོ་རྒོལ་ཁག་ལ་ཞུགས་རོགས། དྲང་བདེན་གྱི་ཆེད་དུ་སྐད་ཆ་ཤོད་རོགས། ཁྱེད་རང་གི་མཉམ་ཞུགས་ནི་གལ་ཆེན་པོ་རེད། མི་རེ་རེ་མཉམ་དུ་ལངས་པ་དེས་ནུས་པ་ཆེན་པོ་ཞིག་སྟོན་གྱི་ཡོད། དེ་ནི་བོད་དེ་ང་ཚོའི་སེམས་ནང་གསོན་པོར་གནས་ཡོད་པ་དང་། ང་ཚོས་རང་ཉིད་ཀྱི་ངོ་བོ་དང་། རིག་གཞུང་། རང་དབང་གི་རྨི་ལམ་བཅས་ནམ་ཡང་བློས་གཏོང་མི་བྱེད་ཅེས་པའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད།
ང་ཚོ་མཉམ་དུ་ལངས་ཤོག ང་ཚོ་མཉམ་དུ་ལས་ཀ་བྱེད། ཁྱིམ་ཚང་གཅིག་དང་། སྤྱི་ཚོགས་གཅིག རྒྱལ་ཁབ་གཅིག་གི་ཆེད་དུ་མཉམ་དུ་ལས་ཀ་བྱེད། ང་ཚོས་ཕན་ཚུན་ལ་བརྩི་བཀུར་དང་། བྱམས་བརྩེ། ཆོད་སེམས་ཀྱིས་རྒྱབ་སྐྱོར་བྱེད་སྐབས། ང་ཚོའི་མཐུན་སྒྲིལ་ལས་སྟོབས་ཤུགས་ཆེ་བ་གཞན་གང་ཡང་མེད། བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་འདི་མུ་མཐུད་དུ་གནས་རྒྱུའི་འགན་འཁྲི་ང་ཚོ་ཚང་མར་ཡོད། ན་གཞོན་དང་རྒན་རབས་པ། སློབ་ཕྲུག་དང་ཆེད་ལས་པ། ང་ཚོ་ཚང་མས་འབད་བརྩོན་གནང་དགོས།
ང་ཚོས་དཔའ་བོ་བློ་དགའ་རང་བཙན་དང་དཔའ་བོ་གཞན་ཚང་མ་ཚིག་ཙམ་གྱིས་མི་བསྟོད་པར་ལག་ལེན་གྱི་ཐོག་ནས་བསྟོད་དགོས། ཁོང་ཚོས་བསྟན་པའི་ལམ་བུ་དེ་སྙིང་སྟོབས་དང་། སྒྲིག་ལམ། དམ་བཅའ་བརྟན་པོ་བཅས་ཀྱིས་མུ་མཐུད་ནས་འགྲོ་དགོས།
ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་མི་རྣམས་ཀྱི་རེ་འདོད་གསན་རོགས་ཞུ་ཡི་ཡོད། དཔའ་བོ་བློ་དགའ་རང་བཙན་ལ་དྲང་བདེན་དགོས། ཁོང་གི་བློས་གཏོང་ལ་དྲན་གསོ་བྱེད་འོས་པ་དང་བོད་མི་མང་གི་འདུན་པ་ལ་གསན་འཇོག་བྱེད་དགོས།
ང་ཚོས་མཉམ་དུ་བཅའ་འཇོག ང་ཚོའི་དཔའ་བོ་དཔའ་མོ་ཚོའི་བློས་བཏང་ནམ་ཡང་བརྗེད་མི་རུང་། ང་ཚོས་བདེན་པ་དང་། དྲང་བདེན། བོད་ཀྱི་རང་དབང་བཅས་ཀྱི་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན། བོད་རྒྱལ་ཁབ་ལ་རང་དབང་མ་ཐོབ་བར་དུ་མུ་མཐུད་དེ་ཤུགས་རྒྱག་རྒྱུ་ཡིན། ཞེས་གསུངས་སོང་།