01
Wed, May

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༡༥ཉིན། སྐབས་༡༦་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༡༥ཉིན། བཞུགས་སྒར་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་འཐུས་གྲོས་ཚོགས་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་། ཚོགས་ཆེན་འདི་ནི་ཉིན་༡༥་རིང་འཚོགས་རྒྱུ་ཡིན་པ་དང་། ལས་རིམ་གཙོ་བོ་ཁག་ནི་སྤྱི་ལོ་༢༠༢༡-༢༢་ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་འཇོག་རྒྱུ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་འཇོག་རྒྱུ། གཞན་བཀའ་ཤག་གི་གསལ་བཤད་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ། མང་གཙོ་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ་སོགས་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩:༣༠་ཐོག བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་ཁང་དུ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཚང་འཛོམས་ཐོག སྐབས་བཅུ་དྲུག་པའི་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་།

ཐོག་མར། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་འདུའི་དབུ་འཛུགས་ཀྱི་གསུང་བཤད་དོན། དེ་རིང་གི་ལས་རིམ་ཁྲོད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཅུ་དྲུག་ཡོད། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡོད། གཙོ་བར་སྔོན་རྩིས་རེད། ལོ་རྟག་སྤྱི་ཟླ་གསུམ་པའི་གྲོས་ཚོགས་ཚོགས་འདུ་ནི་སྔོན་རྩིས་ཐོག་རེད། སྤྱི་ལོ་༢༠༢༡-༢༢་ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་རེད། གཞན་བཀའ་ཤག་གསལ་བཤད་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ་རེད། མང་གཙོ་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ་རེད། ཅེས་གསུངས་སོང་།

ཁོང་གི་མུ་མཐུད་ནས་གསུང་དོན། ད་ཐེངས་གྲོས་ཚོགས་འཐུས་མི་རྣམས་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་རྟགས་ཐོན་མེད་ཙང་བློ་བདེ་པོ་བྱུང་། ད་ལྟར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ལས་རིམ་འགྲོ་བཞིན་པ་ཆགས་བསྡད་ཡོད་རེད། དེའི་སྔོན་དང་བསྡུར་ན། ད་ཐེངས་འོས་བསྡུ་འདི་བཀྲ་མི་ཤིས་པ་དང་ང་ཚོར་མི་དགོས་པ་དེ་འདྲ་བྱུང་མ་སོང་བསམས་པའི་ཚོར་བ་བྱུང་། དེར་བརྟེན། འོས་བསྡུ་དངོས་གཞི་སླེབས་ལ་ཉེ་བས་གྲོས་ཚོགས་སྡིངས་ཆ་འདི་བརྒྱུད་ནས་སྤྱི་ཚོགས་ནང་དུ་ལབ་རྒྱུ་གླེང་རྒྱུ་མེད་པ་བཟོ་དགོས་རྒྱུར་ང་ཚོ་ཚང་མར་འགན་ཡོད་རེད། དེར་བརྟེན། ང་ཚོའི་བཀའ་མོལ་གནང་སྟངས་དང་ཚིག་མཐོ་དམའ་ཁ་ཤས་ཀྱིས་སྤྱི་ཚོགས་ནང་དུ་ལབ་རྒྱུ་གླེང་རྒྱུ་ཆགས་ན་བློ་ཕམ་ཆགས་ཀྱི་རེད། དེ་འདྲ་སོང་ཙང་། གྲོས་ཚོགས་ལས་རིམ་འདི་བཀྲ་ཤིས་པའི་ངང་ནས་མཇུག་སྒྲིལ་ཡོང་བར་ཚང་མས་མཐུན་སྦྱོར་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས།

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་བཞག་གནང་སོང་། མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཁག་གི་ནང་དུ། བོད་ནང་དུ་རང་ལུས་མར་བསྲེགས་གཏོང་མཁན་ཤུར་མོ་མཆོག་དང་། ཚོགས་དྲུང་ཟུར་པ་བློ་བཟང་མཁའ་གྲུབ་མཆོག སྤྱི་ཟུར་རྟ་མགྲིན་དབང་རྒྱལ་མཆོག རྒྱ་གར་བློན་ཆེན་ཟུར་པ་བོད་དོན་རྒྱབ་སྐྱོར་བ་ཕུན་ཚོགས་དབང་རྒྱལ་མཆོག ཐེ་ཝན་སྲིད་འཛིན་ཟུར་པ་བོད་དོན་རྒྱབ་སྐྱོར་བ་ལི་ཏུན་ཧིང་མཆོག སྤྱི་ཟུར་ཁེ་ཚ་ཨོ་དགའ་མཆོག རྒྱ་གར་བློན་ཆེན་ཟུར་པ་བོད་དོན་རྒྱབ་སྐྱོར་བ་པཱ་ཎ་མི་ཁ་ཇི་མཆོག སྤྱི་ཟུར་ཐུབ་བསྟན་འོད་ཟེར་མཆོག་སོགས་འདུག

ཉིན་༡༥་ཡི་རིང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་༢༠༢༡-༢༢་ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན། སྔོན་རྩིས་ཐོག་བགྲོ་གླེང་། ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་། ཁྲིམས་བཟོའི་ལས་རིམ། དཔལ་ལྡན་བཀའ་ཤག་གི་གསལ་བཤད། བོད་ནང་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སོགས་ཀྱི་ཐོག་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།