18
Thu, Apr

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༢༡ཉིན། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༡ཉིན། དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་མཆོག་གིས་༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་དུས་ཚོད་དང་སྒྲིག་གཞི་ཁག་གི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་། 

དེ་ཡང་། གོང་ཚེས་ཞོགས་པ་ཆུ་ཚོད་༡༠་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་མཆོག་དང་། འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་མཆོག སྤྱི་ཟུར་བསོད་ནམས་རྒྱལ་མཚན་མཆོག་བཅས་ནས་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་དུས་ཚོད་དང་སྒྲིག་གཞི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

སྐབས་དེར། དབུས་འོས་བསྡུ་འགན་འཛིན་མཆོག་གིས་གསལ་བསྒྲགས་སྤེལ་དོན། ད་ཆ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༦༧ནང་གསེས་༤དང༌། དོན་ཚན་༤༩ནང་གསེས་༣པའི་ཀ༽ པའི་དགོངས་དོན་བཞིན་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་དེ་རིང་ནས་དངོས་སུ་འགོ་འཛུགས་ཞུས་པ་ཡིན། འོས་བསྡུའི་སྒྲིག་གཞི་དོན་ཚན་༦༧ནང་གསེས་༤པའི་དགོངས་དོན་དང་། དབུས་འོས་བསྡུ་ལས་ཁང་ནས་༢༠༢༠ཟླ་༨ཚེས་༥ཉིན་ཡོངས་ཁྱབ་གསལ་བསྒྲགས་ཟིན་པ་བཞིན། སྲིད་སྐྱོང་གི་འོས་གཞི་རྩེ་གཏོགས་གཉིས་འདོན་རྒྱུ་ཡིན། འོས་བསྡུའི་སྒྲིག་གཞི་དོན་ཚན་༤༩ནང་གསེས་༣པའི་ཀ༽་པ་བཞིན། དབུས་གཙང་ཆོལ་ཁའི་ཁོངས་འོས་ཐོབ་གཉིས་ལྡབ་གྲངས་ ༢༠ཐོག་དང་བླངས་གྲངས་༣དང་། མདོ་སྟོད་ཆོལ་ཁའི་ཁོངས་འོས་ཐོབ་གྲངས་༢༠ཐོག་དང་བླངས་༡། མདོ་སྨད་ཆོལ་ཁའི་འོས་ཐོབ་གྲངས་༢༠། ཆོས་བརྒྱུད་ལྔ་དང་། ཡུ་རོབ་དང་ཨ་ཧྥི་རི་ཀ་བཅས་ནས་འོས་གཞིའི་གྲངས་༤རེ་དང་། ལྷོ་བྱང་ཨ་རི་ནས་འོས་ཐོབ་གྲངས་༤་སྟེང་དང་བླངས་༡། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲེ་ལེ་ཡའི་ཐོབ་ཁུངས་ནས་འོས་གཞི་༣བཅས་ལ་གཏན་འབེབས་ཞུས་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། སྤྱི་ལོ་༢༠༢༡ཟླ་༣ ཚེས་༢༡ ནས་དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་ལུགས་མཐུན་དྲིལ་བསྒྲགས་ཆོག་པ་དང་། ཕྱི་ལོ་༢༠༢༡ཟླ་༤ཚེས་༨ཕྱི་དྲོ་ཕྱག་ཚོད་༥།༠༠ ནས་དྲིལ་བསྒྲགས་ལས་དོན་ཡོངས་རྫོགས་མཚམས་འཇོག་དགོས། ཕྱི་ལོ་༢༠༢༡ ཟླ་༤ཚེས་༡༡ ཞོགས་པ་ཕྱག་ཚོད་༨ནས་ཕྱི་དྲོ་ཕྱག་ཚོད་༥ བར་དངོས་གཞིའི་འོས་འཕེན་གྱི་དུས་ཚོད་གཏན་འབེབས་ཞུས་པ་ཡིན། ཞེས་གསུངས་སོང་།

དེའི་རྗེས། འགན་འཛིན་མཆོག་གིས་འོས་བསྡུ་སྐབས་ཀྱི་སྒྲིག་གཞི་ཐོག་གསལ་བསྒྲགས་སྤེལ་དོན། འོས་བསྡུའི་སྒྲིག་གཞིའི་དགོངས་དོན། དབུས་འོས་བསྡུ་ལས་ཁང་ནས་སྤེལ་བའི་འོས་ཤོག་ཁོ་ནའི་ནང་གསལ་འོས་གཞིའི་མཚན་གྱི་སྟེང་ཐོབ་ཁུངས་སོ་སོའི་གྲངས་ཚད་ལས་མ་བརྒལ་བར་འོས་ཐམ་རྒྱག་དགོས། དངོས་གཞིའི་འོས་བསྡུའི་སྐབས་ལོང་བ་དང་། ལག་པ་གཉིས་ཀ་མེད་པའམ་སྐྱོན་ཅན་ཁོ་ནར་འོས་བསྡུའི་སྤྱིལ་བུའི་ནང་རོགས་པ་མཉམ་ཁྲིད་ཆོག་པ་ཡིན། དངོས་གཞིའི་འོས་འཕེན་སྐབས་འོས་འདེམས་སུར་བྱས་ཀྱི་པར་བཤུས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་པ། འོས་ཐམ་གང་ཡང་མི་གསལ་བ། གྲངས་ཚད་ལས་བརྒལ་བའི་འོས་ཐམ་རྒྱབ་པ། འོས་འདེམས་སུར་བྱས་ངོས་འཛིན་མི་བདེ་བའི་འོས་ཐམ་རྒྱབ་པ། འོས་ཤོག་ནང་མི་གསལ་བའི་རང་མོས་འོས་གཞིའི་མིང་བཀོད་པ། འོས་ཤོག་ངོ་མ་མིན་པའི་དོགས་གནས་ཅན་བཅས་འཐོན་ཚེ་འོས་ཤོག་རྩིས་མེད་གཏོང་རྒྱུ་ཡིན། ཞེས་གསུངས་སོང་།

 

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།