01
Wed, May

རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པས་ཅན་ཌི་ར་ཡན་གསུམ་པ། པར། (ISRO)

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༨ ཚེས་༢༣ ཉིན། རྒྱ་གར་གྱིས་ཟླ་བའི་ཐོག་ཏུ་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ཡང་ན་ཅན་ཌི་ར་ཡན་གསུམ་པ་(Chandrayaan-3)་མཁའ་དབྱིངས་སུ་བཏང་ནས་ཟླ་གཅིག་ལྷག་སོང་རྗེས། དེ་རིང་ཟླ་བའི་ལྷོ་སྣེའི་ཐོག་བདེ་ལེགས་ངང་བབས་ཐུབ་ཡོད་ཅིང་། དེ་ནི་རྒྱ་གར་ཟླ་བའི་ལྷོ་སྣེར་བབས་ཐུབ་མཁན་རྒྱལ་ཁབ་ཐོག་མར་དང་མཁའ་དབྱིངས་སྟོབས་ཆེན་རྒྱལ་ཁབ་བཞི་པ་དེ་ཆགས་ཀྱི་ཡོད་འདུག དེ་སྔོན་ཨ་རི་དང་ཨུ་རུ་སུ། རྒྱ་ནག་མ་གཏོགས་ཟླ་བའི་ཐོག་བབས་ཐུབ་མེད་པ་རེད། རྒྱ་གར་བ་རྣམས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་དགའ་སྟོན་རྒྱ་ཆེན་པོ་བྱས་སོང་།

དེ་ཡང་། འདི་ལོ་ཟླ་༧་ཚེས་༡༤ ཉིན། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པས་(The Indian Space Research Organisation-ISRO) རྒྱ་གར་གྱི་ཨན་ཌི་མངའ་སྡེ་རུ་ཆགས་པའི་གླིང་ཕྲན་ས་རི་ཧ་རི་ཀོ་ཏ་ནང་གི་ས་ཏི་ཞ་བྷ་ཝན་མཁའ་དབྱིངས་ལྟེ་གནས་ཁང་ནས་ཅན་ཌི་ར་ཡན་གསུམ་པ་(Chandrayaan-3) མཁའ་དབྱིངས་སུ་དངོས་སུ་བཏང་ཡོད་འདུག དེ་ནས་ཟླ་གཅིག་དང་ཉི་མ་བཅུ་གཅིག་འགྲུལ་བསྐྱོད་བྱས་རྗེས་ཟླ་འདིའི་ཚེས་༢༣ ཉིན་ཟླ་བའི་ལྷོ་སྣེ་སུ་བདེ་ལེགས་ངང་བབས་ཐུབ་ཡོད་འདུག དེར་བརྟེན། རྒྱ་གར་ཟླ་བའི་ཐོག་བསྐྱོད་ཐུབ་མཁན་རྒྱལ་ཁབ་བཞི་པ་དེ་ཆགས་ཡོད་འདུག

ཅན་ཌི་ར་ཡན་དང་པོ་དང་གཉིས་པ་གསུམ་པ་ནི་རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པ་བཟོས་པ་ཞིག་ཡིན་ཞིང་། དང་པོ་དང་གཉིས་པ་ཟླ་བའི་ཐོག་བཏང་ཡོད་ཀྱང་ཟླ་བའི་སྟེང་འབབ་ཐུབ་མེད། ཐེངས་གསུམ་པ་འདི་ལེགས་གྲུབ་བྱུང་ཡོད་འདུག ཟླ་འདིའི་༢༣ ཉིན། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པ་ཡིས་ཐད་གཏོང་བརྒྱུད་ཅན་ཌི་ར་ཡན་གསུམ་པ་བདེ་ལེགས་ངང་ཟླ་བའི་ལྷོ་སྣེ་སུ་བབས་ཐུབ་ཡོད་པ་བསྟན་ཡོད་འདུག

ཐེངས་འདི་ཟླ་བའི་ཐོག་དངོས་སུ་བབས་ཐུབ་པར་བརྟེན། རྒྱ་གར་གྱི་སྲིད་བློན་དང་མི་མང་། དེ་བཞིན་རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པ་ལ་འཛམ་གླིང་གང་ས་ནས་འཚམས་འདྲི་དང་བསྟོད་བསྔགས་བཏང་ཡོད་འདུག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་བློན་ཆེན། ཚན་རིག་པ། ཨ་རིའི་སྲིད་འཛིན་གཞོན་པ། དབྱིན་ཇིའི་མཁའ་དབྱིབས་ཚོགས་པ་སོགས་ཀྱིས་འཚམས་འདྲི་ཞུས་འདུག

དེ་ཡང་། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པས་ཅན་ཌི་ར་ཡན་དང་པོ། ཕྱི་ལོ་༢༠༠༨་ལོར་མཁའ་དབྱིངས་སུ་བཏང་ནས་ཟླ་བ་གོ་ལའི་ངོས་སུ་ཆུའི་གྲུབ་རྫས་གསར་དུ་རྙེད་ཡོད་འདུག འོན་ཀྱང་། འཕུར་མདའ་དེ་ཟླ་བ་གོ་ལའི་ཐོག་འབབ་གྲབས་ཡོད་སྐབས། གློ་བར་དུ། བརྡབ་ལྷུང་བྱུང་ནས་འབབ་ཐུབ་མེད་པ་རེད།

རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པས་ཅན་ཌི་ར་ཡན་གཉིས་པ། ཕྱི་ལོ་༢༠༠༨་ལོར་མཁའ་དབྱིངས་སུ་བཏང་ཡོད་ཀྱང་། སླར་ཡང་འབབ་ཐུབ་མེད་པ་རེད།

༢༠༡༤་ལོར། རྒྱ་གར་གྱིས་འཕུར་མདའ་ཞིག་གཟའ་ཆེན་མིག་དམར་ཐོག་བཏང་ནས། རྒྱ་གར་ནི་གཟའ་ཆེན་མིག་དམར་ཐོག་སླེབས་ཐུབ་པའི་ཨེ་ཤེ་ཡའི་ནང་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་འདུག

༢༠༡༧་ལོར། རྒྱ་གར་གྱིས་འཁོར་སྐར་་༡༠༤་ཞིག་འཕུར་མདའ་གཅིག་གི་ནང་འཁྱེར་ནས་མཁའ་དབྱིངས་སུ་འཕུར་ཡོད་པར་སྐད་གྲགས་བཞག་འདུག

དེ་བཞིན། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པའི་འགན་འཛིན་ཞི་ཝམ་གྱིས་འདི་ལོའི་ཟླ་༦་པའི་ནང་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་གྱིས་༢༠༣༠་ལོར་མཁའ་དབྱིངས་ལ་རྒྱ་གར་གྱི་ངོས་ནས་མཁའ་དབྱིངས་འབབ་ཚུགས་ཤིག་གསར་འཛུགས་བྱ་རྒྱུ་ཡིན་པར་བསྒྲགས་འདུག ད་ལྟར་མཁའ་དབྱིངས་ལ་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚུགས་ཞེས་པ་གཅིག་མ་གཏོགས་མེད་པ་རེད།

དེང་སང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ནང་། རྒྱ་གར་དང་། ཉི་ཧོང་། རྒྱ་ནག་བཅས་ཀྱིས་མཁའ་དབྱིངས་སུ་འཕུར་མདའ་དང་འཁོར་སྐོར་གཏོང་བ་སོགས་ཀྱི་ཐོག་ལ་འགྲོ་སོང་འབོར་ཆེན་གཏོང་བཞིན་ཡོད་འདུག འདིའི་ཐད་ནས་རྒྱ་ནག་དང་རྒྱ་གར་བར་འགྲན་རྩོལ་ཤུགས་ཆེན་འགྲོ་བཞིན་ཡོད་འདུག

༢༠༡༩ལོའི་ཟླ་༡་པོའི་ནང་། རྒྱ་ནག་གིས་ཟླ་བའི་སྒང་ལ་འཕུར་མདའ་བཏང་ནས་དེའི་ཐོག་འབབ་ཐུབ་ཡོད་པ་དང་། དེ་ནས་རྒྱ་ནག་ནི་ཨེ་ཤེ་ཡའི་ནང་ཟླ་བ་གོ་ལའི་ཐོག་བབས་ཐུབ་མཁན་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་འདུག

དེ་བཞིན། རྒྱ་ནག་གིས་༢༠༣༠་ལོར་ཟླ་བ་གོ་ལའི་ཐོག་མི་གཏོང་ཐབས་ཀྱི་འཆར་གཞི་སྒྲིག་བཞིན་ཡོད་པ་དང་། གལ་སྲིད། ལམ་ལྷུང་བྱུང་ན་རྒྱ་ནག་ནི་འཛམ་གླིང་ནང་ཨ་རིའི་རྗེས་ནས། ཟླ་བའི་ཐོག་མི་གཏོང་ཐུབ་མཁན་གྱི་རྒྱལ་ཁབ་གཉིས་པ་དེ་ཆགས་ཀྱི་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།