30
Tue, Apr

ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི-པིམ(Mike Pompeo)། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༢༡ཉིན། ཨ་རི་གཞུང་གིས་སླར་ཡང་དྲག་གནོན་སྲིད་བྱུས་ལག་བསྟར་བྱེད་མཁན་རྒྱ་གཞུང་གི་འགོ་ཁྲིད་ཁག་ལ་ཐོངས་མཆན་སྤྲོད་རྒྱུ་དམ་དྲག་གནང་འདུག འགོ་ཁྲིད་དེ་ཚོ་ནི་བོད་ནང་འགྲོ་འོང་བཀག་འགོག་བྱེད་མཁན་དང་། ཡུ་གུར་བ་མང་པོར་གཉའ་གནོན་བྱེད་མཁན། ཧོང་ཀོང་གི་རང་སྲིད་རང་སྐྱོང་ལ་གཏོར་བཤིག་གཏོང་མཁན་བཅས་ཡིན་འདུག གཞན་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་སོགས་མྱུར་དུ་གློག་གྲོལ་གཏོང་དགོས། ཞེས་བཀོད་འདུག

དེ་ཡང་། གོང་ཚེས་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི-པིམ(Mike Pompeo)གྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་ལྟར་ན། ཨ་རི་སྲིད་གཞུང་གིས་སླར་ཡང་བོད་ནང་དང་། ཡུ་གུར་ནང་། རྒྱ་ནག་བཅས་ཀྱི་ནང་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་རྒྱ་དམར་གྱི་འགོ་ཁྲིད་ཁག་ཅིག་ཨ་རིར་ཡོང་བའི་མཐོང་མཆན་བཀག་སྡོམ་བྱས་ཡོད་འདུག ཁོ་ཚོས་བོད་དང་ཡུ་གུར་སོགས་ཀྱི་ཆོས་དད་རང་དབང་་དང་། ཞི་བའི་འདུ་འཛོམས། ཞི་བའི་ངོ་རྒོལ། གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་སོགས་དྲག་གནོན་དང་དམ་བསྒྲགས་བྱས་ཡོད་པ་དང་། རྒྱ་དམར་འགོ་ཁྲིད་དེ་ཚོ་མ་ཟད། ཁོ་ཚོའི་ནང་མིའི་མཐོང་མཆན་ལའང་བཀག་སྡོམ་བྱེད་སྲིད། ཅེས་བཀོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་ཚིགས་སུ། རྒྱ་ནག་གི་འགོ་ཁྲིད་ཀྱི་མཐོང་མཆན་བཀག་འགོག་གི་བྱེད་དགོས་དོན་ནི། ཨ་རིའི་སྲིད་གཞུང་ནས་རྒྱ་གཞུང་གིས་རྒྱ་མི་དང་། བོད་མི། ཧོང་ཀོང་། ཡུ་གུར་བ་བཅས་ཀྱི་ཐོག་དྲག་གནོན་དང་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པར་འགན་འཁུར་བཅུག་ཆེད་དུ་ཡིན། འདི་ལོར་ཨ་རིའི་སྲིད་གཞུང་གིས་རྒྱ་གཞུང་གི་འགོ་ཁྲིད་དང་ལས་བྱེད་མང་པོ་ཞིག་མཐོང་མཆན་བཀག་སྡོམ་དང་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད། ཁོ་ཚོ་ནི་བོད་ནང་འགྲོ་འོང་བཀག་སྡོམ་བྱེད་མཁན་དང་། ཡུ་གུར་བ་མང་པོ་གཉའ་གནོན་བྱེད་མཁན། ཧོང་ཀོང་གི་རང་སྲིད་རང་སྐྱོང་ལ་གཏོར་བཤིག་གཏོང་མཁན་བཅས་ཡིན། ཐེངས་འདིའི་བཀག་སྡོམ་ནང་དུ་གོང་གི་མི་རྣམས་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་རྒྱ་དམར་གུང་ཁྲན་འགོ་ཁྲིད་ཚང་མ་ཚུད་ཡོད། ཅེས་བཀོད་འདུག

ད་དུང་། ཨ་རི་སྲིད་གཞུང་གིས་མི་སྒེར་རང་ཉིད་ཀྱི་རང་དབང་བེད་སྤྱོད་བཏང་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་མཁན་བཀྲ་ཤིས་དབང་ཕྱུག་དང་། ཧོང་ཀོང་གི་མང་གཙོའི་ཐོབ་ཐང་རྩོད་མཁན་ཇི་མར-ལིད། རྒྱ་མི་ཁྲིམས་རྩོད་པ་ཞུ་ཊི་དབྱང་སོགས་མགྱོགས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། རྒྱ་གཞུང་གིས་འགྲོ་མ་མིའི་ཐོབ་ཐང་ལ་གུས་རྩིས་ཞུ་དགོས་པར་ནན་སྐུལ་བྱས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།