19
Fri, Apr

༸གོང་ས་མཆོག་དང་ཨ་རི་གྲོས་ཚོགས་འོག་མའི་ལྕམ་ནེན་སཱི་པེ་ལོ་སཱི། པར། ཡེ་ཤེས་ཆོས་བཟང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༡་ལོའི་ཟླ་༡་ཚེས་༤ཉིན། བཞུགས་སྒར་རྡ་ས་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རྣམ་གཉིས་ཀྱིས། ལྕམ་ནེན་སཱི་པེ་ལོ་སཱི་(Nancy Pelosi)མཆོག་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམ་ཐོན་བྱུང་བར་འཚམས་འཕྲིན་གནང་འདུག སྐབས་དེར། ཁོང་མོས་འཛམ་གླིང་ནང་དུ་ཞི་བདེ་དང་ལྷིང་འཇགས་ཡོང་རྒྱུའི་ཐད་གང་ཅིའི་འབད་བརྩོན་མུ་མཐུད་གནང་རྒྱུར་ཡིད་ཆེས་ཡོད། ཅེས་༸གོང་ས་མཆོག་གིས་གསུངས་འདུག

དེ་ཡང་། གོང་ཚེས་ཉིན། བོད་དོན་རྒྱབ་སྐྱོར་བ་ལྕམ་ནེན་སཱི་པེ་ལོ་སཱི་(Nancy Pelosi)མཆོག་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམ་ཐོན་བྱུང་ཡོད་ཅིང་། འདི་ནི་ཁོང་མོ་ལོ་བཞི་བསྟུད་མར་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམ་ཐོན་བྱུང་བ་ཡིན་འདུག དེའི་ཐོག ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རྣམ་གཉིས་ཀྱིས་ཁོང་མོར་འཚམས་འཕྲིན་གནང་འདུག

འཚམས་འཕྲིན་དེའི་ནང་དུ་། ༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སཱི་པེ་ལོ་སཱི་(Nancy Pelosi)གྲོས་ཚོགས་འོག་མའི་ཚོགས་གཙོར་ཐེངས་བཞི་པར་འོས་འདེམས་བྱུང་བར་འཚམས་འཕྲིན་གྱི་བཀའ་ཡིག་གནང་བ་དང་སྦྲགས། ཕྱི་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཡོད་ཅེས་བཀའ་གནང་འདུག

ཨ་རིའི་མི་མང་གི་རེ་འདུན་དང་འདོད་དོན་བསྒྲུབ་རྒྱུར་ཚོགས་གཙོ་མཆོག་གིས་སྔར་ལྟར་ཐུགས་འགན་ཆེན་པོ་བཞེས་པའི་ཐོག འཛམ་གླིང་ནང་དུ་ཞི་བདེ་དང་ལྷིང་འཇགས་ཡོང་རྒྱུའི་ཐད་གང་ཅིའི་འབད་བརྩོན་མུ་མཐུད་གནང་རྒྱུར་ཡིད་ཆེས་ཡོད། ཅེས་དང་། ཕྱོགས་མཚུངས་ཁོང་གིས་བོད་དོན་ཐོག་ལོ་མང་རྒྱབ་སྐྱོར་གནང་བ་དང་། ༸གོང་ས་མཆོག་ལ་གུས་བརྩེ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་ཡིག་གནང་འདུག།

གཞན་ཡང་། ཟླ་འདིའི་ཚེས་༤ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་ཀྱང་། ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལོ་བཞི་བསྟུད་མར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམ་ཐོན་བྱུང་བར་འཚམས་འཕྲིན་གནང་འདུག

དེ་ཡང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བརྗོད་དོན། སྐུ་ཉིད་མཆོག་ལོ་བཞི་བསྟུད་མར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་རྣམ་དཔྱོད་དང་སྙིང་སྟོབས་ལྡན་པའི་འགོ་ཁྲིད་འོག་དཀའ་ངལ་ཇི་འདྲ་ཞིག་འཕྲད་རུང་རྣམ་དཔྱོད་ལྡན་པའི་ཐོག་ནས་གདོང་ལེན་གནང་བར་བརྟེན་མང་ཚོགས་ནས་སྐུ་ཉིད་མཆོག་རྣམ་དཔྱོད་དང་སྙིང་སྟོབས་ཅན་ཞིག་ཡིན་པ་ངོས་འཛིན་ཞུས་ཡོད། སྐུ་ཉིད་མཆོག་གིས་འདྲ་མཉམ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་སོགས་ཀྱི་ཆེད་ཆོད་སེམས་བརྟན་པོའི་སྒོ་ནས་ཕྱག་ལས་གནང་ཡོད།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐུ་ཉིད་མཆོག་གིས་ངོ་རྒོལ་གནང་བ་དེར་ང་ཚོའི་ངོས་ནས་ཐུགས་རྗེ་ཆེ་ཞུ་བ་གཅིག་པུའི་འདང་ངེས་མེད། སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྲིམས་འཆར་དེས་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་འཇོག་བྱེད་ཀྱི་མེད་པར་ཁ་གཏད་གཅོག་གི་ཡོད། མང་གཙོ་རྒྱལ་ཁབ་གཞན་རྣམས་ནས་ཀྱང་ཨ་རིའི་སྣེ་འཁྲིད་པའི་ལམ་ཐོག་བསྐྱོད་ཐུབ་པའི་ངས་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ཕྲན་རང་ཉིད་ལ་སྐུ་ཉིད་མཆོག་དང་མཇལ་འཕྲད་ཐེངས་མང་ཞུ་རྒྱུའི་གོ་སྐབས་བྱུང་། ལྷག་པར་སྐུ་ཉིད་མཆོག་བཞུགས་སྒར་རྡ་སར་ཕེབས་པ་ནི་བརྗེད་ཐབས་མེད་པའི་དྲན་རྟེན་ལྟ་བུ་ཞིག་ཏུ་གྱུར་ཡོད། སླར་ཡང་ངས་སྐུ་ཉིད་མཆོག་ལ་འཚམས་འདྲི་གྲངས་མེད་ཞུས་པ་དང་སྦྲགས། བྱ་བ་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག།

བོད་ཀྱི་ལོ་རྒྱུས་ཡིག་ཆ།