27
Sat, Apr

ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༢ ཉིན། རྡ་སའི་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༥་པ་ཞི་བའི་གོམ་བགྲོད་ལམ་ནས་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ ༣ ཚེས ༡༢ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་གི་གོ་སྒྲིག་འོག བོད་ཀྱི་བཙུན་མ་དང་སློབ་ཕྲུག བོད་ཀྱི་བུད་མེད་རྣམས་ཀྱིས་བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོ་རྡོ་རིའི་མདུན་དུ། བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༥་པ་སྲུང་བརྩི་ཞུའི་མཛད་སྒོ་ཚོགས་རྗེས། བོད་ཀྱི་བུད་མེད་རྣམས་ཀྱིས་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རིའི་བར་དུ་བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས། བོད་རང་བཙན་གཙང་མ་ཡིན། བོད་རྒྱལ་ལོ་སོགས་ཀྱི་སྐད་འབོད་བསྒྲོགས་ནས་ཞི་བའི་གོམ་བགྲོད་ལམ་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠་ཐོག དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གི་གོ་སྒྲིག་འོག རྡ་རམ་ས་ཁུལ་གྱི་བཙུན་མ་དང་སློབ་ཕྲུག་བུ་མོ་གཙོས་པའི་བོད་ཀྱི་བུད་མེད་བརྒྱ་ཕྲག་འགའ་ཡིས་བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོ་རྡོ་རིའི་མདུན་དུ། བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༥་པ་སྲུང་བརྩི་ཞུའི་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ནས་བུད་མེད་སྒེར་ལངས་ཀྱི་བསྒྲགས་གཏམ་བོད་ཡིག་ཐོག་སྒྲོག་སྦྱང་ཞུས་སོང་། དེ་ནས་སྐུ་མགྲོན་གཙོ་བོ་རྡ་ས་ས་གནས་རྫོང་གི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ལྕམ་སྐུ་ནི་ནུ་ཤར་མ་མཆོག་ནས་གསུང་བཤད་གནང་སོང་། མཐའ་མར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཞོན་ཆེ་རིང་སྒྲོལ་མ་ལགས་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་སོང་།

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༥ ཐོག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བསྒྲགས་གཏམ་གྱི་ནང་དུ།་འཁོད་དོན། དེ་རིང་གི་ཉིན་མོ་ནི་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་ཏེ་བོད་རྒྱལ་ཁབ་ཆགས་འཇིག་ལ་ཐུགས་སྐབས་བོད་གཞུང་མང་གཉིས་ནས་ཕོ་ཟད་མོ་ལ་ཐུག་པ་དང་ལག་ཟད་དཔུང་ལ་ཐུག་ཀྱང་ཆོལ་གསུམ་བུད་མེད་རྣམས་ཀྱིས་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་སྙིང་སྟོབས་ཞུམ་པ་མེད་པར་བོད་བསྟན་སྲིད་ཀྱི་དོན་དུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཕོ་བྲང་པོ་ཏཱ་ལའི་འབྲས་བུ་གཡུལ་ཀའི་ཐང་ཆེན་དུ་རྒྱལ་གཅེས་དཔའ་མོ་དམ་པ་ཀུན་བཟང་ལགས་གཙོས་པའི་བུད་མེད་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པར་གཞི་རྒྱ་ཆེ་བའི་བུད་མེད་སྒེར་ལངས་གནང་ནས་མི་ལོ་༦༥ ཧྲིལ་པོ་འཁོར་བའི་གལ་ཆེན་དུས་ཚིགས་ཀྱི་ཉིན་མོ་ཞིག་ཡིན། དེ་ནི་བོད་གཞིས་བྱེས་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར། བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད། གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་སྣང་མེད་གྱུར་རུང་བ་ཞིག་གཏན་ནས་མིན།

འདས་པའི་མི་ལོ་༦༥ རིང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རྒྱ་དམར་གྱི་དྲག་གནོན་འོག་བོད་མི་འབུམ་ཁྲག་མང་པོ་ཚེ་སྲོག་ཤོར་བའི་དྲག་གནོན་གྱི་ཉིན་མོ་ཞིག་ཏུ་ངོས་འཛིན་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ཚུན་ཆད་བློད་གཏོང་གནང་མཁན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་ཡིད་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དུས་ད་ལྟའང་རྒྱ་དམར་སྲིད་གཞུང་གི་དམ་དྲག་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་མྱ་ངན་གུས་བཏུད་ཞུ་ཡི་ཡོད། ང་ཚོ་ད་ལྟའི་མི་རབས་རྣམས་ཀྱིས་ནམ་ཡང་བརྗེད་མི་རུང་བའི་གནད་དོན་ཞིག་ལ་ཁོང་རྣམས་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བའི་ཁོང་རྣམས་པའི་རེ་བ་དང་རྨི་ལམ་དེ་དག་ནམ་ཡང་མ་བརླག་པར་བསྒྲུབ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་སྐབས་བབ་ཀྱི་འོས་འགན་ཞིག་ཡིན།

ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་བྱས་པ་ཅན་གྱི་ཆོལ་གསུམ་བུད་མེད་རྣམས་ཀྱིས་བསྐྱར་བཙུགས་ཞུས་པའི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱུན་འཛིན་ཆེད་བཙན་བྱོལ་ནང་ཀ་རྡོར་སྒང་གསུམ་དུ་བོད་ཀྱི་བུད་མེད་ཚོགས་པ་མུ་མཐུད་བཙུགས་ཡོད། རྗེས་སུ་བོད་མི་རྣམས་སོ་སོའི་འཚོ་བའི་གནས་སྟངས་དཀའ་ངལ་ཆེན་པོ་བྱུང་བར་བརྟེན་ཚོགས་པ་རིམ་པས་ཉམས་རྒུད་དུ་སོང་བའི་གནས་སྟངས་བྱུང་ཡོད། སྐབས་དེར་ཕྱི་ལོ་༡༩༨༤ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་འོག་ཚོགས་པ་སླར་གསོ་ཞུས་པ་དང༌། བོད་དོན་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནས་རྒྱུའི་ཐོག་མའི་དགོངས་པ་དང་དམིགས་ཡུལ་སྙིང་བཅངས་ཀྱིས་ད་བར་མི་ལོ་ཧྲིལ་པོ་༦༥ འདས་ཟིན། རྒྱུད་རིམ་དེའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡར་རྒྱས་བྱུང་བ་ནི་གཙོ་བོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཡང་སྒོས་བོད་མི་རྒན་རབས་པ་གཙོ་བོར་གྱུར་བའི་རྒྱུན་ལས་གོང་མ་རྣམས་དང་ཚོགས་མི་རྣམས་ཀྱིས་སྔ་ཕྱི་བར་གསུམ་དུ་ལྷག་བསམ་སྙིང་བཅངས་ཀྱིས་བོད་སྤྱི་པའི་ལས་དོན་ལ་འགན་འཁུར་ཆེ་བཞེས་གནང་བའི་རླབས་ཆེན་གྱི་གྲུབ་འབྲས་ཞིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བློ་སེམས་རྩེ་གཅིག་གིས་དད་གུས་གཡོ་བ་མེད་པར་ཤར་སྐྱོད་ཞུ་མཁན་གྱི་སྒྲིག་འཛུགས་ཤིག་དང་བོད་དོན་བདེན་པའི་འཐབ་རྩོད་ཐོག་ལས་འགུལ་སྤེལ་མཁན་ལོ་རྒྱུས་རང་བཞིན་ལྡན་པ་དང་དབུ་མའི་ལམ་ལ་ཤར་བསྐྱོད་ཞུ་མཁན་གྱི་བོད་ཀྱི་བུད་མེད་ཀྱི་སྒྲིག་འཛུགས་གཅིག་པོ་དེའང་ཆགས་ཀྱི་ཡོད། ཚོགས་པའི་ལས་ཁུངས་མཐོ་ཤོས་དེ་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཡིན། བོད་ཀྱི་བུད་མེད་ལྷན་ཚོགས་ལ་ས་གནས་ཡན་ལག་ཁག་༥༨ དང་ཚོགས་མི་གྲངས་༢༠༠༠༠ ལྷག་ཡོད་པའི་གཞུང་ཁུངས་མ་ཡིན་པའི་ཚོགས་པ་ཆེ་ཤོས་དང་རྙིང་ཤོས་ཞིག་ཡིན།

ད་བར་ལོ་ངོ་༦༥ རིང་ལ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་མུ་མཐུད་དྲག་གནོན་འོག་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་བསྟར་བྱ་དང་བྱེད་མུས་ཀྱིས་གནས་སྟངས་ཉིན་རེ་ནས་ཉིན་རེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ལྷག་པར་དུ་བོད་ནང་གི་བོད་མི་རྣམས་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་གནོན་དང་དམ་དྲག་ཁོ་ནའི་འོག་ཉིན་མཚན་མི་འཁྱོལ་བའི་གནས་སྟངས་ཛ་དྲག་ངང་གནས་ཡོད། ཕྱི་ལོ་༡༩༥༩ ནས་བཟུང་རྒྱ་གཞུང་གྱིས་གོ་མཚོན་སྣ་ཚོགས་བེད་སྤྱོད་ཀྱིས་ད་བར་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཡོད་པ་དང༌། ལྷག་པར་ཕྱི་ལོ་༢༠༠༩ ནས་བཟུང་རྒྱ་གཞུང་གྱི་དམ་དྲག་སྲིད་བྱུས་ལ་འུ་ཐུག་ཐབས་ཟད་ཀྱིས་བོད་ཕྱི་ནང་གཉིས་ནས་བོད་མི་རྒན་གཞོན་༡༦༩ ཡི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་དགོས་བྱུང་ཡོད། དེ་མ་ཟད་རྒྱ་གཞུང་གྱིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་བསམ་ངན་རྩུབ་སྤྱོད་ཀྱི་སྲིད་བྱུས་མུ་མཐུད་འཛིན་ནས་དོན་མེད་ཀྱིས་འཛིན་བཟུང་བཙོན་འགག་དང་། ཉིན་མཚན་ཀུན་དུ་མི་མང་རྣམས་འགྲོ་འདུག་གྱི་རང་དབང་མེད་པར་བཀག་འགོག་སྟངས་འཛིན་བྱེད་པ། རྒྱ་གཞུང་གྱིས་བོད་ནང་བཅའ་སྡོད་སློབ་གྲྭ་ཟུར་བཙུགས་ཀྱིས་བོད་ཕྲུག་རྣམས་སློབ་གྲྭར་བཙན་འགག་བྱས་པ་མ་ཟད། དམར་ཤོག་གྱི་ལྟ་བ་བཙན་ཁྲིད་ཀྱིས་སློབ་གསོ་བྱེད་བཞིན་ཡོད། ལྷག་པར་དགོན་སྡེ་གྲྭ་ཚང་ཁག་ནང་དམར་ཤོག་གྱི་ལྟ་བ་ཟབ་ཁྲིད་བྱེད་པ་ལས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་གྱི་བྱེད་སྒོ་ཐད་ཟབ་ཁྲིད་མི་ཆོག་པ། དེ་བཞིན་བོད་རིགས་ལས་བྱེད་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱ་མི་ཆོག་པ། བོད་རིགས་རྣམས་རང་གྱི་རྒྱལ་ཁབ་བོད་ས་སྟོད་སྨད་བར་གསུམ་དུ་ཡུལ་སྐོར་འགྲོ་རྒྱུར་ཡང་བཀག་འགོག་སྟངས་འཛིན་དང་། རྒྱ་དམར་སྲིད་གཞུང་ནས་ཆོག་མཆན་ལག་འཁྱེར་འདྲ་མིན་བཟོ་དགོས་པ། བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད།

སྤྱིར་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཅིང་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་གི་འགྱུར་འགྲོས་ལ་ཁྱད་པར་བཟོ་ཐུབ་པའི་ནུས་པ་ལྡན་ཞིང་བོད་ནང་གི་ཁོར་ཡུག་གི་བརྟན་ལྷིང་ནི་བོད་མི་ཙམ་མ་ཟད། དམིགས་བསལ་ཨེ་ཤེ་ཡའི་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀའི་འཚོ་བའི་རྟེན་གཞིའང་བོད་ཀྱི་ཆུ་རྒྱུན་ཁག་ལ་ཐུག་ཡོད་པ་དང་། ཉེ་བའི་ཆར་བོད་ཁམས་སྡེ་དགེ་འབྲི་ཆུའི་རྒྱུད་དུ་རྒྱ་དམར་སྲིད་གཞུང་ནས་ཆུ་མཛོད་ཆེན་པོ་ཞིག་འཛུགས་བསྐྲུན་བྱེད་དགོས་ཚུལ་ལ་ཁ་གཡར་ནས་འབྲི་ཆུའི་རྒྱུད་ཀྱི་དགོན་པ་དང་ཡུལ་སྡེ་རྣམས་ས་གནས་གཞན་དུ་གནས་སྤོ་དགོས་པའི་བཙན་བཀའ་ཕབ་པར་བརྟེན། དེ་ག་ས་གནས་ཀྱི་སེར་སྐྱ་མི་མང་རྣམས་ནས་ཞི་རྒོལ་དང་འབྲེལ་ཡོད་རྒྱ་གཞུང་གི་ལས་བྱེད་རྣམས་ཀྱི་མདུན་དུ་ངུ་འབོད་དང་བཅས་པུས་མོ་གཉིས་ཀའང་ས་ལ་བཙུགས་ཏེ་ལས་གཞི་དེ་བཞིན་མཚམས་འཇོག་དགོས་པའི་དགོས་འདུན་འདོན་བཞིན་པའི་ཡིད་སྐྱོའི་གནས་ཚུལ་རབ་དང་རིམ་པ་བྱུང་བཞིན་ཡོད། ད་ཐེངས་ཁམས་སྡེ་དགེ་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གིས་བོད་མིའི་འགྲོ་སྡོད་ཀྱི་རང་དབང་ལ་བརྩི་སྲུང་མེད་པར་བཙན་དབང་གིས་ས་གནས་གཞན་དུ་གནས་སྤོ་རུ་བཅུག་པ་འདི་ནི་དངོས་ཡོད་ཛ་དྲག་གནས་སྟངས་ཀྱི་དཔེ་མཚོན་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་ནན་ པོ་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

འོན་ཀྱང་། བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པར་རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེར་ཞི་བའི་ངོ་རྒོལ་སྤེལ་མུས་ཡིན་པ་ཡི་རངས་བསྔགས་བརྗོད་ཡོད། སྤྱིར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོ་དང་། རྒྱ་ནག་གིས་བོད་དུ་འཛིན་པའི་སྲིད་བྱུས་གནང་སྟངས་སོགས་ལ་རྒྱལ་སྤྱིའི་ཐོག་བོད་མི་སྤྱི་སྒེར་ཡོངས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་དང་བོད་ནང་དངོས་ཡོད་གནས་སྟངས་ཐོག་དྲིལ་བསྒྲགས་དང་ཞུ་གཏུགས་ཀྱི་ལས་འགུལ་རབ་དང་རིམ་པར་སྤེལ་བར་བརྟེན། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱལ་སྤྱིའི་ཐོག་ལོ་རེ་ནས་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་ད་བར་རྒྱལ་སྤྱིའི་ཐོག་གཟེངས་སུ་ཐོན་པའི་ལས་འགུལ་སྣ་མང་ཞིག་སྤེལ་ཐུབ་པ་བྱུང་ཡོད། མ་འོངས་པའང་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་ཀྱི་བདེན་པའི་འཐབ་བརྩོད་ཀྱིས་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ཡིན་པ་ཆོས་སེམས་བརྟན་པོ་ཡོད།

འདས་པའི་མི་ལོ་༦༥ ཧྲིལ་པོའི་རིང་རྒྱལ་སྤྱིའི་ནང་གི་བོད་དོན་ལ་དྲང་བདེན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ནས་གོ་སྐབས་འདི་བརྒྱུད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་མ་འོངས་པར་རྒྱབ་སྐྱོར་མུ་འཐུད་གནང་རོགས་ཡོང་བ་ཞུ་རྒྱུ་ཡིན། མཐའ་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱཪ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ནས་གཞིས་བྱེས་བོད་མི་རྣམས་མགྱོགས་ནས་མྱུར་དུ་མཉམ་འཛོམས་ཡོང་བའི་སྨོན་འདུན་དང་བཅས། ཅེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།