27
Sat, Apr

ཕྱི་ལོ་༢༠༢༣ ལོའི་ཟླ་༡༢ ཚེས་༢༠ ཉིན། རྡོར་གདན་དུ་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༡༢ ཚེས་༢༠ ཉིན། གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ལྷན་ཚོགས་འཚོགས་མགོ་བརྩམས་ཤིང་། སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙོས་པའི་ནང་པའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་ཀའི་བླ་ཆེན་རྣམས་དང་། སྐུ་ཚབ་རྣམས། དགེ་འདུན་པ་བཅས་ཚོགས་ཞུགས་མི་གྲངས་སུམ་སྟོང་ལྷག་ལྷན་འཛོམས་བྱུང་འདུག་ལ། ཁྱོན་ཉིན་གྲངས་གསུམ་གྱི་རིང་ཉན་བཤད་ཀྱི་བགྲོ་གླེང་དང་ཐུན་མོང་གི་སྨོན་ལམ་བཅས་འཚོགས་འཆར་ཡོད་འདུག

དེ་ཡང་། ལྷན་ཚོགས་ཀྱི་ཐོག་མར་པཱ་ལི་དང་ལེགས་སྦྱར་སྐད་ནས་ཤིས་བརྗོད་དབྱངས་སུ་གྱེར་བ་དང་། དེ་ནས་ལྷན་ཚོགས་ཀྱི་ངོ་སྤྲོད་དང་། དམིགས་ཡུལ། དགེ་མཚན་སོགས་ཀྱི་སྐོར་ནས་གསུང་བཤད་གནང་གྲུབ་རྗེས། ༸གོང་ས་མཆོག་གཙོ་པའི་ཆོས་བརྒྱུད་རྣམ་གཉིས་ཀྱི་བླ་ཆེན་ཁག་དང་སྐུ་ཚབ་རྣམས་ཀྱིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་སོང་།

སྐབས་དེར། མགོན་པོ་གང་ཉིད་ཀྱི་ཞལ་སྔ་ནས། རང་སེམས་འདུལ་དགོས་ཚུལ་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་དགོས་ཚུལ། བྱང་ཆུབ་ཀྱི་སེམས་སྐྱེད་དགོས་ཚུལ། དེའི་ཕན་ཡོན་སོགས་གསུངས་པར་མ་ཟད། དེ་དག་དང་འབྲེལ་ནས་རང་ཉིད་ཀྱི་མྱོང་བ་དང་དེའི་ཕན་ཡོན་སོགས་ཀྱང་གསུངས་ནས། ཀུན་གྱིས་ཀྱང་དེ་ལྟར་ཉམས་ལེན་གནང་དགོས་ཚུལ་གསུངས་སོང་ལ། པཱ་ལི་དང་ལེགས་སྦྱར་ཞེས་ཆོས་བརྒྱུད་གཉིས་ཡོད་ཀྱང་། ཆོས་བརྒྱུད་དེ་གཉིས་ཀའི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་སྒོམ་པར་བྱེད་པ་དེ་ཡིན་སྐོར་ཡང་གསུངས་སོང་།

ཡང་མགོན་པོ་གང་ཉིད་ནས། ངུར་སྨུག་གི་ན་བཟའ་གོན་ཙམ་གྱིས་མི་ཆོག་པར་ཐོས་བསམ་སྒོམ་ཡ་མ་བྲལ་བར་བྱས་ནས་བསམ་བློ་ལ་འགྱུར་བ་གཏོང་དགོས་ཚུལ་དང་། ནང་པའི་གཞུང་དུ་སེམས་ཁམས་རིག་པའི་རྣམ་གཞག་ཤིན་ཏུ་རྒྱས་པ་ཡོད་པ་དང་། ཁྱད་པར་དུ་བོད་ཀྱི་ནང་བསྟན་དུ་དེའི་སྐོར་ལ་འགྲེལ་བ་རྒྱས་པོ་ཡོད་ཚུལ་གསུངས་ནས། ཆོས་ལུགས་ཁས་ལེན་མཁན་དང་མི་མཁན་སུ་ཡིན་ཡང་། དེའི་ཐད་ལ་དོ་སྣང་བྱེད་དགོས་ཚུལ་གྱི་ལམ་སྟོན་བཀའ་སློབ་སྩལ་སོང་།

ད་དུང་། ལུས་ལས་གཞན་པའི་ཤེས་པ་ཡོད་པ་དང་ཤེས་པ་དེ་ལའང་ཕྲ་རགས་ཀྱི་རིམ་པ་ཡོད་ཅིང་། དེ་ཡང་སད་པའི་སྐབས་ཀྱི་ཤེས་པ། གཉིད་ཀྱི་སྐབས་ཀྱི་ཤེས་པ། རྨི་ལམ་སྐབས་ཀྱི་ཤེས་པ་ཡོད་སྐོར་སོགས་ཀྱང་གསུངས་སོང་།

དེའི་རྗེས་ནས་ཐེ་ཝན་དང་། སོག་པོ། འབྲུག །འབར་མ། ཁམ་བྷོ་ཊི་ཡ། ར་ཤི་ཡ། ཝེ་ཐི་ནན། སིངྒ་ལ། ལ་དྭགས་བཅས་ནས་ཡིན་པའི་ཆོས་བརྒྱུད་རྣམ་གཉིས་ཀྱི་བླ་ཆེན་དང་སྐུ་ཚབ་རྣམས། ཨ་རུ་ན་ཅལ་མངའ་སྡེ་བློན་པདྨ་མཁའ་་བཅས་ནས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་སོང་།

དེ་རིང་དང་སང་ཉིན་བཅས་ཉིན་གཉིས་ཀྱི་རིང་ལ། པཱ་ལི་ཆོས་བརྒྱུད་དང་ལེགས་སྦྱར་ཆོས་བརྒྱུད་རྣམ་གཉིས་ཀྱི་མཁས་པ་ཚོས་ཆོས་བརྒྱུད་ཕན་ཚུན་གྱི་ཉམས་ལེན་གནང་ཕྱོགས་སོགས་དང་འབྲེལ་ནས་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། གནངས་ཉིན་ཚེས་༢༣་ཉིན། ཆོས་བརྒྱུད་རྣམ་གཉིས་ཐུན་མོང་ནས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་རུ་འཛམ་གླིང་ལ་ཞི་བདེ་འབྱུང་བར་དམིགས་ནས་སྨོན་ལམ་འཚོག་རྒྱུ་ཡིན་འདུག

ཉན་བཤད་བགྲོ་གླེང་སྐབས་ཀྱི་བརྗོད་གཞི་གཙོ་བོ་ནི། འདུལ་བའི་སྐོར་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས། བྱང་ཕྱོགས་སོ་བདུན། དུས་རབས་ཉེར་གཅིག་དང་མཐུན་པའི་ནང་ཆོས་ཉམས་ལེན་བྱེད་ཚུལ་སོགས་ཡིན་འདུག

ནང་པའི་དགེ་འདུན་པའི་ཚོགས་ཆེན་འདིའི་དམིགས་ཡུལ་དང་གལ་གནད་ཀྱི་སྐོར་ནས། པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་ནས་རང་རངགི་ཉམས་ལེན་གནང་ཕྱོགས་དང་། ལྟ་བ་འཁྱེར་སོ། ཕན་ཚུན་བསམ་ཤེས་སོགས་དང་འབྲེལ་ནས་གུ་ཡངས་པོའི་སྒོ་ནས་བགྲོ་གླེང་དང་། ཉམས་མྱོང་བརྗེ་རེས། བསམ་ཚུལ་སྤེལ་རེས་དང་སོགས་བྱེད་རྒྱུ་ཡིན་སྐོར་བརྗོད་སོང་བར་མ་ཟད། ནང་པ་ལ་ཐུན་མོང་གི་སྒྲིག་འཛུགས་ཤིག་མེད་པས། འདི་ལྟ་བུའི་ལྷན་ཚོགས་ཀྱིས་ནང་པ་ཐུན་མོང་གི་ལས་དོན་གཉེར་ཕྱོགས་དགེ་མཚན་ཆེ་བ་དང་རྗེས་འཇུག་པ་རྣམས་ཐུགས་མཐུན་ཆིག་སྒྲིལ་འབྱུང་བར་ཡང་ཕན་ཚུལ་བརྗོད་སོང་།

དེ་ཡང་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ལྷན་ཚོགས་འདི་བཀོད་སྒྲིག་གནང་མཁན་གཙོ་བོ་ནི། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་། སང་གྷ་ཕོར་ནང་པའི་མཐུན་ཚོགས་བཅས་ཡིན་པ་དང་། དེའི་ཁར་བཀོད་སྒྲིག་གནང་རོགས་ཚོགས་པ་ཁག་ཉི་ཤུ་ལྷག་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།