27
Sat, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལི་༢༠༢༣ ཕྱི་ལོ་༨ ཚེས་ ༡༩ཉིན་སྤེལ། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་ཚོགས་འདུ་བསྟི་གནས་སུ་སྐོང་འཚོགས་བྱེད་བཞིན་ཡོད་ཅིང་། ཉིན་གཉིས་པར་བོད་ཡུ་སོག་གསུམ་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ནས་རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཁག་ནས་མནའ་འབྲེལ་མཐུན་ཚོགས་ཤིག་གསར་འཛུགས་བྱེད་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཞེས་བརྗོད་འདུག

དེ་ཡང་། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་ཐེངས་དྲུག་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་དེ་ཟླ་འདིའི་ཚེས་༡༦་ནས་༡༩་བར་གོ་སྒྲིག་ཞུས་ཡོད་པ་དང་། དེར་རང་བཙན་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ། ཚོགས་བཅར་བ་བཅས་མི་གྲངས་༨༠་ལྷག་མཉམ་ཞུགས་བྱེད་བཞིན་ཡོད་འདུག

ཚོགས་འདུའི་སྐབས་བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་དང་། རྒྱ་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ་སོགས་ལ་ཇི་ལྟར་སྡུག་སྦྱོང་མནར་སྤྱོད་བཏང་དང་གཏོང་བཞིན་ཡོད་སྐོར། རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་མི་རིགས་རྣམས་མཐུན་སྒྲིལ་བྱས་ནས་རྒྱ་གཞུང་ལ་ཇི་ལྟར་གདོང་ལེན་བྱེད་དགོས་མིན་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་བཞིན་ཡོད་འདུག

ཚོགས་འདུའི་ཉིན་གཉིས་པའི་ཚོགས་ཐུན་དང་པོའི་ནང་དུ། བོད་ཡུ་སོག་གསུམ་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞེས་པ་ཞིག་སྤེལ་འདུག བསྒྲགས་གཏམ་དེའི་ནང་དུ་འཁོད་དོན། དེ་ཡང་ཕྱི་ལོ་༢༠༢༣ ཟླ་ ༠༨ ཚེས་ ༡༦ ནས་ཚེས་ ༡༩ བར་ཉིན་བཞིའི་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་ཚོགས་འདུ་བསྟི་གནས་སུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་སྐོང་འཚོགས་བྱེད་བཞིན་ཡོད་ཅིང་། ཚོགས་ཆེན་གྱི་ཉིན་དང་པོའི་ལས་རིམ་གཉིས་པ་ནས། ཉིན་གཉིས་པའི་ཚོགས་ཐུན་དང་པོའི་བར་ད་ཆར་རྒྱ་དམར་གྱི་བཙན་ཤེད་དབང་སྒྱུར་འོག་ཚུད་པའི་རྒྱལ་ཁབ་གསུམ་སྟེ། བོད་དང་། ཡུ་གུར། ལྷོ་སོག་གསུམ་གྱི་འཐུས་མི་ལྷན་འཛོམས་ཐོག མི་རིགས་སོ་སོའི་གནས་བབ་དང་འཐབ་རྩོད་ཀྱི་ཁ་ཕྱོགས། མ་འོངས་པར་བཙན་འཛུལ་འོག་གི་མི་རིགས་གསུམ་གྱིས་དགྲ་བོ་རྒྱ་དམར་ལ་གདོང་ལེན་དང་རང་བཙན་གྱི་རྒྱལ་ཁབ་སླར་གསོ་བྱ་རྒྱུར་གོམ་སྟབས་མདུན་སྤོ་བྱེད་ཐབས་བཅས་ཀྱི་ཐད་ནས་གྲོས་བསྡུར་འཆར་འགོད་བྱས་པའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་རྒྱུར།

དེ་རིང་གནས་ཡུལ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཆེན་མོའི་རང་དབང་གི་ས་ཆེན་པོ་འདི་དཔང་དུ་བཞག་པའི་རྒྱལ་ས་ལྡི་ལི་གསར་པ་རུ། ལོ་རྒྱུས་རང་བཞིན་ལྡན་པའི་མི་ལོ་༧༦ གི་ཡར་སྔོན་གྱི་ཁ་སང་། འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་འདི་ཉིད་བཙན་འཛུལ་བའི་དབང་སྒྱུར་ལས་རང་དབང་རང་བཙན་ཐོབ་པའི་དུས་བཟང་གི་ཉིན་མོ་དང་བསྟུན། བོད་དང་ཡུ་གུར། ལྷོ་སོག་གསུམ་ལྷན་དུ་འཛོམས་ཏེ། མི་རིང་པའི་སང་ཉིན་ང་ཚོ་ཐུན་མོང་གི་དགྲ་བོ་བཙན་འཛུལ་བ་རྒྱ་དམར་གཞུང་གི་དབང་སྒྱུར་ལས་རང་དབང་རང་བཙན་གྱི་རྒྱལ་ཁབ་སླར་གསོའི་ཆེད། བོད་ཡུ་སོག་གསུམ་ནས་གནའ་མཐུན་གྱི་རྒྱལ་ཁབ་ཏུ་གཟི་བརྗིད་དང་སྤོབས་པའི་དར་ཆ་ས་ཆེན་འདིར་བསྒྲེང་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཡོད།

དེ་རིང་གི་ཚོགས་ཐོག་འདི་ནས།བོད་ཡུ་སོག་གསུམ་གྱི་རང་བཙན་འཐབ་རྩོད་པ་དཀྱིལ་འཁོར་གཅིག་ཏུ་འཛོམས་ཏེ། དགྲ་བོ་རྒྱ་དམར་གྱིས་བོད་ཡུ་སོག་གསུམ་ལ་བཙན་འཛུལ་དབང་སྒྱུར་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་། མི་མང་དམར་གསོད། ཆོས་རིག་གོམས་སྲོལ་རྩ་བརླག མི་རིགས་རྩ་མེད་ཀྱི་བཙན་རྒྱལ་རིང་ལུགས་པའི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ལ་རྒོལ་གཏམ་དྲག་པོ་གཏོང་གི་ཡོད་ལ། རྒྱ་དམར་གཞུང་གིས་ཇི་ཙམ་དྲག་གནོན་དང་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་པ་དེ་བཞིན། ང་ཚོ་བཙན་འཛུལ་བར་རྒོལ་བའི་བཙན་པོའི་སྙིང་སྟོབས་ནི་དུས་མཐའི་མེ་ཆེན་རི་ལ་མཆེད་པ་ལྟར་འབྱུང་ངེས་པའི་ཉེན་བརྡ་དང་ཐ་ཚིག་ཀྱང་དུས་མཉམ་དུ་གཏོང་གི་ཡོད།

བོད་ཡུ་སོག་གསུམ་གྱི་འཐུས་མི་ལྷན་འཛོམས་ཐོག འཛམ་གླིང་འདིར་དྲང་བདེན་དང་རང་དབང་། འདྲ་མཉམ་གཙིགས་སུ་འཛིན་པའི་སྲིད་གཞུང་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག མི་མང་བྱིངས་ནས་རྒྱ་དམར་གཞུང་འདི་དུས་རབས་ཉེར་གཅིག་པའི་བཙན་འཛུལ་རིང་ལུགས་པར་ངོས་འཛིན་བྱ་དགོས་པའི་སྐུལ་འདེད་དང་། བོད་ཡུ་སོག་གསུམ་བཙན་ཤེད་ཀྱིས་དབང་སྒྱུར་བྱས་པ་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་དང་། ངེད་མི་རིགས་གསུམ་ལ་རང་དབང་རང་བཙན་གྱི་རྒྱལ་ཁབ་སླར་གསོའི་དགོས་འདུན་ལ་བརྩི་བཀུར་དང་ངོས་འཛིན་ཡོང་བར་གསལ་འདེབས་ཞུ་བཞིན་ཡོད།

གྲོས་ཆོད་དོན་ཚན་ཁག་གི་ནང་དུ། རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཁག་ནས་མནའ་འབྲེལ་མཐུན་ཚོགས་ཤིག་གསར་འཛུགས་བྱེད་ཐུབ་པར་འབད་བརྩོན་བྱེད་རྒྱུ། བོད་ཡུ་སོག་གསུམ་མཉམ་འབྲེལ་ཐོག་ནས་དུས་ལྟར་རྒྱལ་སྤྱི་རང་བཞིན་གྱི་རང་བཙན་ཚོགས་ཆེན་ཞིག་འཚོགས་ཐུབ་པར་འབད་བརྩོན་ཞུ་རྒྱུ། བོད་ཡུ་སོག་གསུམ་ནས་ཐུན་མོང་གི་དྲྭ་རྒྱ་བེད་སྤྱོད་གཏོང་སའི་སྡིངས་ཆ་སྐྲུན་ཐབས་བྱེད་རྒྱུ། བོད་ཡུ་སོག་གསུམ་གྱིས་ལས་འགུལ་སྤེལ་དུས་ཕན་ཚུན་མཉམ་རུབ་དང་རྒྱབ་སྐྱོར་བྱེད་རེས་བྱེད་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཞུ་གཏུགས་ལས་འགུལ་གྱིས་མཚོན་པའི་ལས་འགུལ་ཁག་སྤེལ་དུས། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཕན་ཚུན་གྱི་གནས་སྟངས་དེ་མཉམ་དུ་གླེང་སློང་བྱེད་རྒྱུ། བོད་ཡུ་སོག་གསུམ་གྱི་གཞོན་སྐྱེས་ནང་ཁུལ་འབྲེལ་ལམ་གོང་མཐོར་གཏོང་ཐབས་བྱེད་རྒྱུ། བོད་ཡུ་སོག་གསུམ་ནས་ཕན་ཚུན་ལོ་རྒྱུས་ཐོག་རང་བཙན་ཅན་གྱི་རྒྱལ་ཁབ་ཡིན་པ་ངོས་འཛིན་གྱི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་རྒྱུ། བོད་ཡུ་སོག་གསུམ་ལ་འབྲེལ་བ་བཏགས་པའི་རྒྱ་གཞུང་གི་ཆབ་སྲིད་ཀྱི་དུས་ཆེན་ཁག་གི་སྐབས་སུ་མཉམ་འབྲེལ་ཐོག་ངོ་རྒོལ་ལས་འགུལ་སྤེལ་རྒྱུ། བོད་ཡུ་སོག་གསུམ་ནས་རྒྱ་མིས་བཟོས་པའི་དངོས་ཡོད་ལོ་རྒྱུས་དང་མི་མཐུན་པའི་ས་ཁྲ་དང་། ས་མིང་། ཆུ་མིང་། རུས་མིང་སོགས་ལ་ངོས་ལེན་མི་བྱེད་པར། སོ་སོའི་རང་བཞིན་གང་ཡིན་པ་དེ་རང་འཇགས་བེད་སྤྱོད་གཏོང་རྒྱུ་དང་། ས་ཆའི་བདག་དབང་སྐོར་གྱི་དྲིལ་བསྒྲགས་ལོག་པ་ལ་ངོས་ལེན་མི་བྱེད་རྒྱུ། བོད་ཡུ་སོག་གསུམ་ནས་སོ་སོའི་མི་རིགས་ཀྱི་མ་འོངས་མདུན་ལམ་ལ་རང་བཙན་ཁོ་ན་ལས་གཞན་རྒྱ་ནག་གི་བསླུ་བྲིད་འོག་མི་ཚུད་པ་བྱ་རྒྱུ་ནི་བདག་དབང་བརྩོད་ལེན་བྱེད་པའི་མ་རྩ་ཡིན་པ་ངེས་ཤེས་འདྲོངས་དགོས་པའི་དྲན་སྐུལ་བྱེད་རྒྱུ། རྒྱལ་སྤྱིའི་ཐོག་བོད་ཡུ་སོག་གསུམ་གྱི་གནད་དོན་ཞུ་གཏུག་དང་གླེང་སློང་བྱེད་སྐབས། འགྲོ་བ་མིའི་ཐོབ་ཐང་སྐོར་བཤད་པའི་གོ་སྐབས་དམ་འཛིན་བྱེད་དགོས་ཀྱང་། དེ་ལས་གལ་ཆེ་བ་ཞིག་ནི་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་གསུམ་གྱི་དཀའ་ངལ་ཆེ་ཤོས་དེ་རང་བཙན་མེད་པའི་དཀའ་ངལ་ཡིན་པ་གསལ་འདོན་བྱེད་དགོས་རྒྱུ།རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་༼G20༽དེ་ཉིད་མི་འགྱངས་པར་རྒྱ་གར་དུ་འཚོགས་རྒྱུ་ཡིན་པ་ལྟར། སྐབས་དེར་བོད་ཡུ་སོག་གསུམ་ནས་མཉམ་འབྲེལ་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་པར་ཤུགས་སྣོན་རྒྱག་རྒྱུ། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།