28
Sun, Apr

རྡ་སར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༡་ལོའི་ཟླ་༧་ཚེས་༢༣ཉིན། རྡ་སར་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་པ་བཅས་ལ་ངོ་རྒོལ་བྱས་སོང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། བོད་མིར་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

དེ་ཡང་། བཞུགས་སྒར་རྡ་ས་ཐེག་ཆེན་གཙུག་ལག་ཁང་ནས་མན་གྷོའི་སྤྱི་ཐང་བར་དུ། ས་གནས་བོད་ཀྱི་བུད་མེད་ལྷག་ཚོགས་ཀྱིས་རྒྱ་གཞུང་ལ་ཁྲོམ་སྐོར་གྱི་ལམ་ནས་ངོ་རྒོལ་གནང་སོང་། ཁོང་ཚོའི་ལག་ཏུ་འཕྲེད་དར་བཟུང་ནས་བརྗོད་དོན། འདི་ལོ་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་བརྒྱ་འཁོར་གྱི་ཡོད་རེད། འོན་ཀྱང་། ལོ་བརྒྱ་ནི་མནར་གཅོད་ཀྱི་ལོ་བརྒྱ་རེད། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད། བོད་མིར་དམར་གསོད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། ཞེས་བརྗོད་སོང་།

ཉིན་འདིར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་གྱི་ས་གནས་མང་པོ་ཞིག་ལ་རྒྱ་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

ཟླ་འདིའི་ཚེས་༢༠ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བོད་ཉིང་ཁྲིར་འབྱོར་ཡོད་པ་དང་། དེ་ནས་ས་གནས་མི་མང་ལ་གཏམ་བཤད་སྤེལ་ཡོད་འདུག་པ་དང་། དེ་ནས་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་ཡོད་འདུག སྐབས་དེར། ལྷ་ས་དམ་བསྒྲགས་ཧ་ཅང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག སྲིད་འཛིན་ཞི་ལ་དགའ་བསུ་བྱེད་མཁན་མང་ཆེ་ཤོས་ནི་རྒྱ་མི་ཡིན་པ་ལས་བོད་མི་ཁ་ཤས་ཤིག་ལས་མཐོང་རྒྱུ་མེད་པ་རེད།

འདི་ནི་ཞི་བོད་དུ་སླེབས་པ་ཐེངས་གསུམ་པ་དེ་ཡིན་འདུག་པ་དང་། འོན་ཀྱང་། རྒྱ་ནག་གི་སྲིད་འཛིན་ཆགས་ནས་སླེབས་པ་ཐོག་མ་ཡིན་འདུག ཞི་འཕགས་བོད་ས་མཚམས་ཉིང་ཁྲི་ལ་སླེབས་པ་ནི། རྒྱ་གཞུང་གིས་རྒྱ་གར་ལ་རྣམ་འགྱུར་སྟོན་ཆེད་ཡིན་པ་དཔྱད་ཞིབ་པས་འགྲེལ་བརྗོད་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།