29
Mon, Apr

༢༠༢༠ལོའི་ཟླ་༡༡ཚེས་༢༠ཉིན་སི་ཌི་ཁུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་རྒོལ་གནང་བཞིན་པ། པར་པ་ཡེ་ཤེས་ཆོས་བཟང༌།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཨོ་གླིང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཨོ་སི་ཊོ་ལི་ཡའི་སི་ཌི་ནི་ཁུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་ལ་༢༠༢༠ལོའི་ཟླ་༡༡ཚེས་༢༠ཉིན་བོད་དོན་ཞི་རྒོལ་གྱི་ལས་འགུལ་ཞིག་སྤེལ་ནས་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བྱས་པར་རྒྱ་ནག་གཞུང་ནས་ཡོངས་ཁྱབ་དགོངས་སེལ་ཞུ་དགོས་ཞེས་དགོས་འདུན་བཏོན་གནང་སོང༌།

བོད་མི་ལས་འགུལ་བ་ཚོའི་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་གཞོན་ནུའི་དར་ཆ་མཚོན་ཅན་རྣམས་གནམ་ལ་འཕྱར་ནས་ངར་ཤུགས་ཆེན་པོས་འབོད་ཚིག་འདྲ་མིན་དཔེར་ན། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་རང་དབང་དགོས། བོད་ནང་གི་དམར་གསོད་མཚམས་འཇོག་དགོས། བོད་ནང་གི་མནར་གཅོད་མཚམས་འཇོག་དགོས་སོགས་ཁ་གཅིག་གྲགས་དང་ནུས་པ་མཉམ་སྤུངས་བྱས་ནས་བོད་སྐད་དང་དབྱིན་སྐད་གཉིས་ནང་སྐད་ཤུགས་ཆེན་པོས་སྒྲོག་གནང་སོང༌།

ད་དུང་རྒྱ་ནག་ནི་ཆེས་གདུག་རྩུབ་རང་བཞིན་ལྡན་པའི་དམར་པོའི་ཡུལ་གྲུ་ཞིག་ཡིན་ལ། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ནི་རྒྱ་ནག་རང་ཡིན་པ་མ་ཟད། ནད་དུག་དེ་རྒྱ་ནག་རང་གིས་བཟོས་པ། རྒྱ་ནག་དམར་གཞུང་གིས་རྐང་བཙུགས་ནས་ནད་དུག་དེ་རྒྱལ་སྤྱི་ཁྱོན་ཡོངས་ལ་ཁྱབ་བདལ་བཏང་སྟེ་འཛམ་གླིང་མི་མང་སྟོང་ཚོ་མང་པོའི་ཚེ་སྲོག་འཕྲོག་པ་དང་མི་མང་ས་ཡ་མང་པོར་ནད་དུག་འགོས་ཁྱབ་བཏང་བའི་ནག་ཉེ་དེ་དག་ངོས་ལེན་ཞུ་དགོས་པ་དང༌། དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་ཚོས་ནད་དུག་འདི་ནས་སློབ་གསོ་བླངས་ཏེ་རྒྱ་ནག་གཞུང་ལ་ནམ་ཡང་ཡིད་ཆེས་བྱ་ཐབས་མེད་ལུགས་སོགས་ལས་འགུལ་གོ་སྒྲིག་པ་ཚོས་འགྲེལ་བརྗོད་གནང་སོང༌།

དེ་བཞིན་ཉེ་དུས་བོད་འབྲི་རུ་ཁུལ་དུ་རྒྱ་ནག་གི་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་བུད་མེད་ལྷ་མོ་ལགས་དང་ཉེ་དུས་འཛིན་བཟུང་བྱས་པའི་བསྟན་འཛིན་ཐར་པ་ལགས། བོད་ཀྱི་གཞས་པ་གྲགས་པ་ལགས་སུ་ཁྲིམས་ཐག་བཅད་པའི་ཛ་དྲག་གི་གནས་སྟངས་སོགས་ལ་གཞིགས་ནས་ཐེངས་འདིར་བོད་དོན་ཞི་རྒོལ་གྱི་ལས་འགུལ་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་ལུགས་གསལ་འགྲེལ་གནང་སོང༌།

བོད་དོན་ཞི་རྒོལ་ལས་འགུལ་གྱི་དགོས་འདུན།

དང་པོ།༽

རྒྱ་ནག་དང་ཐག་ཉེ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་དེ་དག་དང་མི་རིགས་ཉུང་བ་རྣམས་ལ་ད་ལྟ་བར་དུ་མཐོང་ཆུང་ཁྱད་གསོད་དང་འཇིགས་སྐུལ་རབ་དང་རིམ་པ་བྱས་པ། ཡུལ་གྲུ་དེ་དག་དང་དེ་དག་གི་མི་མང་ལ་གུས་བརྩི་མི་བྱེད་པ་དང་དབང་ཆ་ལོག་སྤྱོད་བྱེད་བཞིན་པ་དེ་དག་མྱུར་དུ་མཚམས་འཇོག་དགོས། རྒྱ་ནག་དམར་ཤོགས་གཞུང་གིས་འཛམ་གླིང་གང་སར་ཏོག་དབྱིབས་ནད་དུག་ཁྱབ་བདལ་བཏང་ནས་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་ས་ཡ་མང་པོ་ནད་དུག་གིས་མནར་བཞིན་ཡོད་པས་དེ་དག་གི་འགན་རྒྱ་གཞུང་གིས་ལེན་དགོས་པ་མ་ཟད།ཏོག་དབྱིབས་ནད་དུག་ཐོག་མ་འབྱུང་ས་ངོ་མ་དེ་རྒྱ་ནག་རང་ཡིན་པ་འཛམ་གླིང་མི་མང་ལ་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཐུབ་དགོས།

གཉིས་པ།

བོད་དང་བོད་མི་རིགས་ནི་ལོ་རྒྱུས་རང་བཞིན་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན་དགོས་པ་མ་ཟད། ༡༩༥༩་ལོ་ནས་བོད་རྒྱལ་ཁབ་དེ་རྒྱ་དམར་གྱིས་བཙན་བཟུང་གིས་བོད་མི་ས་ཡ་གཅིག་བརྒལ་བ་དམར་གསོད་བཏང་བ་དང་དགོན་སྡེ་དང་གཙུག་ལག་ཁང་སྟོང་དྲུག་ལྷག་གཏོར་བཅོམ་བྱས་པའི་ནག་ཉེས་རྣམས་གཞུང་འབྲེལ་ཡོངས་ཁྱབ་ཀྱི་ཐོག་ནས་ངོས་ལེན་གནང་དགོས་པ་དང༌། བོད་ལ་དེ་བཞིན་ཡོངས་ཁྱབ་ཀྱི་ཐོག་ནས་དགོངས་སེལ་ཞུ་དགོས།

གསུམ་པ།༽
༢༠༠༩ལོ་ནས་ད་བར་བོད་མི་༡༥༥ལྷག་གིས་རང་དབང་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་བར་བརྟེན་བོད་ཀྱི་ས་ཁུལ་དེ་དག་དང་ཁོང་རྣམ་པའི་ནང་མི་ཉེ་འབྲེལ་སོགས་ལ་མི་སྤྱོད་ལས་འདས་པའི་དམ་དྲག་དང་མནར་གཅོད་དེ་དག་མཚམས་འཇོག་དགོས། དེ་བཞིན་རྒྱལ་གཅེས་དཔའ་བོ་ཕོ་མོ་སྟོང་ཕྲག་མང་པོས་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དང་རྒྱ་ནག་གིས་མུ་མཐུད་བོད་བཙན་འཛུལ་ལ་མི་འདོད་པར་རྣམ་པ་འདྲ་མིན་གྱི་སྒོ་ནས་ཞི་རྒོལ་གནང་རྗེས་འཇུ་བཟུང་བྱས་པ་རྣམས་དང་དེ་བཞིན་ད་ལྟ་རྒྱ་མིའི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ་རྣམས་མྱུར་དུ་གློད་གྲོལ་དགོས། ཨོ་གླིང་ས་གནས་གཞོན་ནུ་ཚོགས་གཙོ་བརྩོན་འགྲུས་འོད་ཟེར་ལགས་ཀྱིས་འདི་ག་གསར་ཁང་ལ་འགྲེལ་འགྲེལ་བརྗོད་གནང་སོང༌བ་བཅས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།