26
Fri, Apr

༢༠༢༠་ལོའི་ཟླ་༨་ཚེས་༣་ཉིན། རྡ་སར་ཨ་མ་ཨ་བདེ་ལགས་འདས་གྲོངས་སུ་ཕྱིན་པར་བོད་མི་ཚོས་མར་མེའི་ཁྲོམ་སྐོར་བྱེད་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠ལོའི་ཟླ་༨ཚེས་༣ཉིན་གྱི་ཞོགས་པར། མི་ལོ་ཉེར་བདུན་གྱི་རིང་རྒྱ་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་འདས་གྲོངས་སུ་ཕྱིན་འདུག དེར་བརྟེན། བཞུགས་སྒར་རྡ་སའི་བོད་མི་ཚོས་མྱ་ངན་གུས་འདུད་ཀྱིས་མར་མེ་ཁྲོམ་སྐོར་གནང་སོང་། དེའི་སྐབས་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་རང་ཉིད་ལ་མཚོན་ན་ཨ་མ་ཨ་བདེ་ནི་སེམས་ཤུགས་སྐྱེལ་ཡུལ་ཞིག་ཡིན་ཞེས་བརྗོད་སོང་།

དེ་ཡང་། བོད་ཁམས་ཉག་རོང་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་ཟླ་འདིའི་ཚེས་ ༣ གྱི་ཞོགས་པ་ཆུ་ཚོད་ ༢།༥༠ ཐོག་བཞུགས་སྒར་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་འདུག དེར་བརྟེན། རྡ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་བོད་མི་༤༠་ལྷག་གིས་ཨ་མ་ཨ་བདེ་ལགས་མྱ་ངན་གུས་འདུད་ཀྱིས་མར་མེ་ཁྲོམ་སྐོར་གནང་སོང་།

ཨ་མ་ཨ་བདེ་ལགས་ནི་ཕྱི་ལོ་ ༡༩༣༢ ལོར་བོད་ཁམས་ཉག་རོང་རྫོང་དུ་སྐྱེས་ཞིང་། རྟ་དཔོན་ཚང་གི་ཕ་རྡོ་རྗེ་རབ་བརྟན་དང་། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ་མོ་ཡིན་འདུག རྒྱ་གཞུང་གིས་བོད་ཁམས་སུ་བཙན་འཛུལ་བྱེད་སྐབས་ཁོང་མོ་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་རྐྱེན། ཕྱི་ལོ་ ༡༩༥༨ ལོར་འཛིན་བཟུང་བྱས་རྗེས་བཙོན་ཁང་འདྲ་མིན་ནང་དུ་ཁྱོན་མི་ལོ་ ༢༧ ཙམ་སྡུག་སྦྱོང་མནར་གཅོད་མྱངས་འདུག ཕྱི་ལོ་ ༡༩༨༥ ལོར་རྒྱ་གཞུང་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་འདུག

དེ་ནས་ཕྱི་ལོ་ ༡༩༨༧ ལོར་བཙན་བྱོལ་དུ་འབྱོར་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོ་ནས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་ཕྱག་ལས་གནང་འདུག དེའི་རྗེས་ཁོང་མོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གནད་ཡོད་མི་སྣ་སོགས་དང་ཐུག་འཕྲད་གནང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་སྟེ་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་གནང་འདུག

དེ་བཞིན་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ ༼ དྲན་འོས་པའི་ཨ་མ་ཨ་བདེའི་འབོད་སྒྲ། ༽ ཞེས་པའི་ཕྱག་དེབ་ཅིག་ཀྱང་འདོན་སྤེལ་གནང་ཡོད། ཕྱི་ལོ་ ༢༠༡༩ ལོ་མཇུག་ནས་སྙུན་གཞི་བཞེས་པ་ཡོད་པ་དང་། ཟླ་འདིའི་ཚེས་ ༣ གྱི་ཞོགས་པ་ཆུ་ཚོད་ ༢།༥༠ ཐོག རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་འདུག

ཟླ་འདིའི་ཚེས་༣་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་བོད་མི་ཚོས་ཁོ་མོ་འདས་གྲོངས་སུ་ཕྱིན་པར་མར་མེའི་ཁྲོམ་སྐོར་གནང་སོང་། དེའི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བརྗོད་དོན། དེ་རིང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་དགོས་དོན་ནི། ཨ་མ་ཨ་བདེ་ལགས་འདས་གྲོངས་སུ་ཕྱིན་པ་རེད། ཁོ་མོ་ནི་རྒྱ་གཞུང་གི་བཙོན་ཁང་དུ་མི་ལོ་ཧྲིལ་བོ་༢༧་སྡུག་སྦྱོང་མནར་གཅོད་མྱོང་མཁན་ཞིག་རེད། ཁོང་མོ་ནི་བུད་མེད་ཞིག་དང་བོད་མི་ཞིག་ཡིན་པའི་ཆ་ནས་སེམས་ཤུགས་སྐྱེས་ཡུལ་ཞིག་དང་མིག་དཔེ་ལྟ་སའི་མི་སྣ་ཞིག་རེད། ང་ཚོ་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས་ཁོང་མོས་ད་བར་བོད་པའི་འཐབ་རྩོད་དང་རྩ་དོན་ཆེད་དུ་སྐུ་ལས་སྐྱོན་པ་དེ་དག་སེམས་ལ་བཞག་ནས་ཐོག་ནས་ལས་འགུལ་འདི་གོ་སྒྲིག་བྱས་པ་ཡིན།

ཨ་མ་ཨ་བདེ་འཚོ་བཞུགས་སྐབས་སུ་ང་རང་ཐུག་མྱོང་ཡོད། ཁོང་མོས་ང་ལ་བོད་དོན་འཐབ་རྩོད་ཐོག་ལས་ཀ་མུ་མཐུད་ནས་བྱེད་ཤོག་གསུངས་སོང་། ང་རང་སྒེར་ངོས་ནས་དང་། བོད་མི་ཞིག བུད་མེད་ཞིག་ཡིན་པའི་ཆ་ནས་ང་རང་བོད་དོན་འཐབ་རྩོད་ཐོག་ནས་ལས་ཀ་བྱེད་རྒྱུར་སེམས་ཤུགས་སྐྱེས་ཡུལ་གཅིག་ཨ་མ་ཨ་བདེ་ཆགས་ཡོད། ང་ཚོས་ཨ་མ་ཨ་བདེ་ལགས་འཚོ་ཞུགས་སྐབས་སུ་སྐུ་ལས་སྐྱོན་པ་རྣམས་དུས་རྟག་ཏུ་སེམས་ལ་དྲན་དགོས། ཁོ་མོ་ནང་བཞིན་བོད་ནང་དུ་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་ཡོད་རེད། ཁོ་ཚོའི་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གང་ཐུབ་སླེབས་པར་བྱེད་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེ་ནས་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་བརྗོད་དོན། དེ་རིང་ཨ་མ་ཨ་བདེ་ལགས་འདས་གྲོངས་སུ་ཕྱིན་པ་ནི་དངོས་གནས་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན། ཨ་མ་ཨ་བདེ་ལགས་ནི་༡༩༥༩་སྔོན་ནས་རྒྱ་ནག་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་མཁན་གྲས་ནས་བུད་མེད་གལ་ཆེན་པོ་ཞིག་དང་བློ་སྟོབས་ཆེན་པོ་ཞིག་ཡིན། སྤྱི་ཆབ་སྲིད་བཙོན་པ་སུ་ཞིག་དགོངས་པ་རྫོགས་པ་ཡིན་ནའང་ང་ཚོར་ཕམ་པོ་རེད། འོན་ཀྱང་། ཆབ་སྲིད་བཙོན་པ་ཁོ་ཚོའི་རྨི་ལམ་དང་། ཕུགས་བསམ། བློ་སྟོབས་ང་ཚོའི་སེམས་ལ་ཉར་དགོས་པ་མ་ཟད། ཁོ་ཚོའི་རྨི་ལམ་དེ་ང་ཚོས་མུ་མཐུད་ནས་གནས་ཐུབ་པ་བྱེད་དགོས། དེ་བཞིན་ཨ་མ་ཨ་བདེ་ལྟ་བུ་དང་གཞན་ཆབ་སྲིད་བཙོན་ཟུར་འདས་གྲོངས་སུ་ཕྱིན་པ་རྣམས་བསྐྱར་དུ་བོད་མི་རིགས་ལ་འཁྲུངས་པའི་སྨོན་ལམ་རྒྱག་དགོས་པ་དང་རྒྱག་ཐུབ་པ་ཞིག་རེད།

ཨ་མ་ཨ་བདེ་ལགས་དང་ལོ་མང་པོའི་རིང་ངོ་ཤེས་ཡིན། ཁོ་མོ་ནི་ང་ཚོར་རྟག་ཏུ་བསླབ་བྱ་གནང་མཁན་དང་ང་ཚོའི་ལས་ཀར་རྒྱབ་སྐྱོར་དང་སེམས་ཤུགས་སྤེལ་མཁན་ཞིག་ཡིན། དེ་རིང་ཁོང་མོ་དགོངས་པ་རྫོགས་པ་རེད། ང་ཚོས་ཁོ་མོར་བྱེད་ཐུབ་པ་ནི་སྨོན་ལམ་རྒྱག་རྒྱུ་དང་། ཁོང་མོས་ང་ཚོར་རེ་བ་དང་རྨི་ལམ་ཡོད་པ་དེ་དག་མུ་མཐུད་ནས་འཁྱེར་རྒྱུ་ཡིན་ཞེས་རང་ཉིད་ངོས་ནས་དམ་བཅའ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།