19
Fri, Apr

རྡ་སའི་བོད་མི་ཚོས་འབྲི་རུའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་གནང་སོང་།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༡་ཚེས་༣་ཉིན། བཞུགས་སྒར་རྡ་སར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་གོ་སྒྲིག་འོག རྡ་སའི་བོད་མི་བརྒྱ་ཕྲག་གིས་འབྲི་རུར་ཛ་དྲག་གི་གནས་སྟངས་གྱུར་ཡོད་པར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་ཞིག་གནང་སོང་།

དེ་ཡང་། གོང་ཚེས་ཕྱི་རོལ་ཆུ་ཚོད་༥:༣༠་ཐོག རྡ་སའི་མེག་གྷན་ཁྲོམ་གཞུང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོའི་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག བོད་ཁམས་འབྲི་རུར་རྒྱ་གཞུང་གིས་བོད་མི་ལྷ་མོ་ལགས་མནར་གཅོད་བཏང་ནས་གྲོངས་ཡོད་པ་དང་། ཁོ་མོའི་སྤུན་མཆེད་བསྟན་འཛིན་ཐར་པ་ལགས་འཛིན་བཟུང་བྱས་པ། དེ་བཞིན་གླུ་བ་ལྷུན་གྲུབ་གྲགས་པ་ལགས་ལོ་དྲུག་གི་ཁྲིམས་ཐག་བཅད་པ་བཅས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་བོད་མི་དང་ཕྱི་རྒྱལ་བ་བཅས་མི་བརྒྱ་ཕྲག་གིས་མར་མེའི་ཁྲོམ་སྐོར་གནང་སོང་།

མར་མེའི་ཁྲོམ་སྐོར་སྐོར་ར་གསུམ་གནང་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་མི་མང་ལ་བརྗོད་དོན། ད་ལྟར་ཁམས་འབྲི་རུ་ནང་དུ་ཛ་དྲག་གི་གནས་སྟངས་གྱུར་ཡོད། དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུ་ཁོ་ཚོས་མྱོང་བཞིན་ཡོད། སྤྱི་ཟླ་༡༠་པའི་ཚེས་༢༩་ཉིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྙན་ཐོ་ཞིག་སྟོན་ཡོད། དེའི་ནང་དུ་ད་ལྟའི་འབྲི་རུ་གནས་སྟངས་གཙོས་པའི་བོད་ནང་གི་གནས་སྟངས་ནི་རྒྱ་གཞུང་གིས་དམ་དྲག་དང་སྡུག་རྩུབ་ཆེ་དྲག་པས་འཛམ་གླིང་ཕྱིར་ཁྱབ་རྒྱུར་ཁག་པོ་ཞེ་དྲག་འདུག ཅེས་བརྗོད་ཡོད།

ཁཽང་གིས་མུ་མཐུད་ནས་བརྗོད་དོན། དེ་རིང་ལས་འགུལ་འདི་སྤེལ་དགོས་དོན་ནི། ཉེ་ཆར་བོད་ཁམས་འབྲི་རུ་ས་ཁུལ་ལ་བུད་མེད་ལོ་ན་༣༦་ཡིན་པའི་ལྷ་མོ་ལགས་ལ་རྒྱ་གཞུང་ཉེན་རྟོག་པས་ཉེས་མེད་ཉེས་འཛུགས་བྱས་ནས་མནར་གཅོད་བཏང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོ་མོའི་སྤུན་མཆེད་བསྟན་འཛིན་ཐར་པ་ལགས་འཛིན་བཟུང་བྱས་ཡོད། གཞན་ཡང་། གཞས་པ་ལྷུན་གྲུབ་གྲགས་པ་ལགས་ཀྱིས་ཞཱ་མོ་ནག་པོ་ཞེས་པའི་གཞས་བཏང་ནས་རྒྱ་གཞུང་གིས་༢༠༡༩་ལོར་འཛིན་བཟུང་བྱས་ཡོད་པར། ད་ལོའི་ཟླ་༦་པའི་ནང་དུ་ཁོང་ལ་རྒྱ་གཞུང་གིས་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་བཅས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་ལས་འགུལ་སྤེལ་བ་ཡིན། བསྟན་འཛིན་ཐར་པ་དང་ལྷུན་གྲུབ་གྲགས་པ་གཉིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གཞན་ཚང་མ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་གཞུང་གིས་མགྱོགས་མྱུར་དུ་གློད་གྲོལ་གཏོང་དགོས། ཞེས་བརྗོད་སོང་།

དེའི་རྗེས། འདས་གྲོངས་སུ་ཕྱིན་པའི་ལྷ་མོ་ལགས་ཀྱི་ཕ་མ་གཅིག་གི་སྤུན་མཆེད་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བརྗོད་དོན། དང་ཐོག ངའི་གཅེན་མོ་རྒྱ་མིས་བསད་འདུག་ཅེས་གོ་དུས། ཡིད་མ་ཆེས་པ་དང་སེམས་སྐྱོ་བ། སྡུག་བསྔལ་ཧ་ཅང་བྱུང་སོང་། ངའི་གཅུང་མོ་ལྷ་མོ་ནི་ཕྲུག་གུ་གསུམ་གྱི་ཨ་མ་རེད། ཁོ་མོས་ཆབ་སྲིད་དང་ཁྲིམས་འགལ་གྱི་ལས་ཀ་བྱེད་ཀྱི་མ་རེད། འོན་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོ་མོའི་ཁྱིམ་དུ་༸གོང་ས་མཆོག་གི་སྐུ་པར་དང་གསུང་ཆོས་རྙེད་རྗེས་ཁོ་མོ་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་ཕྱིན་འདུག ཁོ་ཚོས་ཁྲིམས་འགལ་གྱི་བྱ་བ་གང་ཡང་བྱས་མེད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་གསོད་ཀྱི་ཡོད་རེད། ད་ལྟར་ང་ཚོའི་ཕ་ཡུལ་གནས་སྟངས་ཛ་དྲག་ག་ཚོད་གྱུར་ཡོད་མེད་ཚང་མས་མཁྱེན་གསལ་རེད། ང་རྒྱ་གར་ལ་སླེབས་ནས་ལོ་ངོ་དགུ་ཕྱིན་སོང་། འོན་ཀྱང་། ལོ་ངོ་འདི་དག་གི་རིང་དུ་ངས་ཕ་མ་གཅིག་པའི་སྤུན་མཆེད་གཅིག་ཀྱང་འབྲེལ་བ་བྱས་མྱོང་མེད།

རྒྱ་གཞུང་གིས་མནར་གཅོད་གཏོང་བ་ངའི་གཅུང་མོ་ཁོ་ན་མ་རེད། ད་དུང་བསྟན་འཛིན་ཐར་པ་དང་གཞས་པ་ལྷུན་གྲུབ་གྲགས་པ་ཡང་ཡོད་རེད། ཁོ་གཉིས་ལ་ཉེན་ཁ་ཡོད་རེད། ཁོ་གཉིས་མགྱོགས་པོ་གློད་གྲོལ་ཡོང་བར་ཚང་མས་ཤུགས་རྒྱག་རོགས། མཐའ་མ་དེར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཉེས་མེད་མནར་གཅོད་ཕོག་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་མགྱོགས་ནས་མྱུར་དུ་བཙོན་གྲོལ་ཐོབ་པའི་རེ་བ་དང་། བོད་གཞིས་བྱེས་མཉམ་འཛོམས། བོད་རྒྱལ་ཁབ་ཆེན་མོ་སླར་གསོ་ཡོང་བར་སྨོན། ཞེས་བརྗོད་རྗེས། བོད་རང་བཙན་ཁྲི་ལོ་བརྟན་པ་ཤོག ཅེས་སྐད་འབོད་ཐེངས་གསུམ་གནང་སོང་།

མཐའ་མ་དེར། གླུ་བ་ལྷུན་གྲུབ་གྲགས་པ་ལགས་ཀྱིས་བཏང་བའི་གཞས་ཞཱ་མོ་ནག་པོ་ཞེས་པ་དེ་མི་མང་ལ་བསྟན་སོང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འཆར་འགན་འཛིན་མཁའ་འགྲོ་ལགས་ཀྱིས་གཞས་ཚིག་དེ་དབྱིན་ཡིག་ནང་དུ་སྐྱོར་བ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཧིན་ཡིག་ནང་དུ་སྐྱོར་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།