20
Sat, Apr

༢༠༢༠ལོའི་ཟླ་༧་ཚེས་༡༤་ཉིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་པད་མ་དབྱངས་ཅན་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༡༤་ཉིན། ཤེས་རིག་བཀའ་བློན་མཆོག་གིས་ད་ལོའི་འཛིན་གྲྭ་༡༢་ཀྱི་ཡིག་རྒྱུགས་ཁྲོད་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་སློབ་མ་༡༩་དང་། འཛིན་གྲྭ་༡༠་པའི་ཡིག་རྒྱུགས་ཁྲོད་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་མཁན་སློབ་མ་དགུ་ཡོད་པར་གསལ་བསྒྲགས་སྤེལ་སོང་།

དེ་ཡང་། གོང་ཚེས་ཉིན། བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་པད་མ་དབྱངས་ཅན་མཆོག དེ་བཞིན་ཤེས་རིག་དྲུང་ཆེ་བཅས་ཀྱིས་འདི་ལོའི་བོད་ཕྲུག་སློབ་མ་ཁྱོན་༡༩་ལ་སྲིད་སྐྱོང་སློབ་ཡོན་ཐོབ་ཡོད་དང་། དེ་བཞིན། བོད་སློབ་ཁག་ནས་ཡིག་རྒྱུགས་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་ཕྲུག་ ༩༡ བྱུང་ཡོད་པའི་སྐོར་གསལ་བསྒྲགས་གནང་སོང་།

ཐོག་མར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཐེངས་འདིར་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་བྱུང་བར་སློབ་ཕྲུག་དང་དགེ་རྒན། ཕ་མ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་བཅས་ལ་བསྔགས་བརྗོད་དང་འབྲེལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་སོང་། བཀའ་ཤག་སྐབས་ ༡༤ དང་ ༡༥ ནས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་ཤོས་རྩི་བཞིན་ཡོད་པ་ལྟར། འབྲེལ་ཡོད་ཕ་མ་དང་སློབ་ཕྲུག དགེ་རྒན་སོགས་ཀྱིས་དཀའ་ལས་བརྒྱབ་པར་བརྟེན་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཡང་རྩེར་སོན་ཐུབ་པ་བྱུང་ཡོད། ཅེས་གསུངས།

དེ་ནས་ཤེས་རིག་དྲུང་ཆེ་ལགས་ཀྱིས། སྲིད་སྐྱོང་སློབ་ཡོན་ཐོབ་མཁན་གྱི་སློབ་མ་རེར་ཧིན་སྒོར་འབུམ་གཅིག་དང་ལག་འཁྱེར་གནང་རྒྱུ་ཡིན་པ་དང་། དགའ་ལྡན་ཕོ་བྲང་གི་བྱ་དགའ་ནི་འབྱུང་རིག་དང་། ཚན་རིག ཚོང་རིག བཅས་ནས་བརྒྱ་ཆ་རྩེ་ཕུད་ཐོབ་མཁན་སློབ་མ་གསུམ་རེ་འདེམས་སྒྲུག་བྱས་ཡོད་པ་དང་། སློབ་མ་རྩེ་ཕུད་གསུམ་རེར་ཧིན་སྒོར་ཁྲི་གཉིས་དང་ཨང་གཉིས་པར་ཁྲི་གཅིག་དང་ཕྱེད་ཀ། ཨང་གསུམ་པར་ཆིག་ཁྲི་རེ་གནང་རྒྱུ་རེད། ཅེས་བརྗོད་སོང་།

དེའི་རྗེས། ཤེས་རིག་བཀའ་བློན་མཆོག་གིས་འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་ཕྲུག་༡༩་བྱུང་བའི་ཁོངས་ནས་མ་སུ་རི་བོད་ཁྱིམས་ནས་སློབ་ཕྲུག་༡༤། མོན་གྷོ་སཾ་བྷོ་གཏན་སློབ་ནས་སློབ་ཕྲུག ༢། སེ་ལ་ཀུའི་བོད་ཁྱིམ་དང་། སུ་ཇ་བོད་ཁྱིམ། ཧར་པ་སྤུར་གཏན་སློབ་བཅས་ནས་སློབ་ཕྲུག་རེར་བཅས་ཁྱོན་བསྡོམས་སློབ་ཕྲུག་བཅུ་དགུ་བྱུང་ཡོད། ཅེས་དང་། འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༡༦ ནས་སློབ་ཕྲུག་གྲངས་ ༡༠༡༦ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༩༩༨ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭའི་ཆ་སྙོམས་བརྒྱ་ཆ་ནི་ ༩༨་༢༣ ལོན་ཡོད་པར་བརྟེན་སྔ་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༡.༢༣ འཕར་ཆ་བྱུང་ཡོད། ཅེས་གསུངས་སོང་།

འདི་ལོར་འབྱུང་རིག་སྡེ་ཚན་ནས་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་སློབ་མ་ ༡༤ ཡོད་པ་དང་། དེ་དག་ནི་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསོད་ནམས་སྟོབས་རྒྱལ་ལ་བརྒྱ་ཆ་ ༩༨.༦ དང་། བསྟན་འཛིན་ཉི་མ་ལ་བརྒྱ་ཆ་ ༩༨.༢། བསྟན་འཛིན་འོད་ལྡན་ལ་བརྒྱ་ཆ་ ༩༦.༤། ལྷ་མོ་གཡུ་མཚོ་ལ་བརྒྱ་ཆ་ ༩༦.༤། བསྟན་འཛིན་ནོར་གཡང་ལ་བརྒྱ་ཆ་ ༩༦.༤། ཕུན་ཚོགས་དབྱངས་འཛོམས་ལ་བརྒྱ་ཆ་ ༩༦.༢། བསྟན་འཛིན་རྣམ་རྒྱལ་ལ་བརྒྱ་ཆ་ ༩༥.༦། བདེ་ཆེན་བཟང་མོ་ལ་བརྒྱ་ཆ་ ༩༥.༢། ཕན་བདེ་ཚེ་རིང་ལ་བརྒྱ་ཆ ༩༥། བསྟན་འཛིན་པདྨ་ལ་བརྒྱ་ཆ་ ༩༥་བཅས་དང་། ཧར་པ་སྤུར་གཏན་སློབ་ནས་བསྟན་འཛིན་ཚེ་རིང་ལ་བརྒྱ་ཆ་ ༩༦.༨། མོན་གྷོ་གཏན་སློབ་ནས་ཉི་མ་ལྷ་མོ་ལ་བརྒྱ་ཆ་ ༩༦.༤ དང་། བསྟན་འཛིན་ཡེ་ཤེས་བརྒྱ་ཆ་ ༩༥། སུ་ཇ་བོད་ཁྱིམ་ནས་བསྟན་འཛིན་དབྱངས་གསལ་ལ་བརྒྱ་ཆ་ ༩༥ བཅས་ཡིན་འདུག དེ་བཞིན་ཚན་རིག་སྡེ་ཚན་ནས་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་སློབ་ཕྲུག་ ༤ ཡོད་ཅིང་། འདི་དག་ནི་མ་སུ་རི་བོད་ཁྱིམ་ནས་ཀུན་དགའ་ལེགས་ཆུང་ལ་བརྒྱ་ཆ་ ༩༩.༢ དང་། ཀུན་དགའ་བཀྲ་ཤིས་ལ་བརྒྱ་ཆ་ ༩༥.༨། སྒྲོལ་མ་ཆོས་འཛོམས་ལ་བརྒྱ་ཆ་ ༩༦.༤། སེ་ལ་ཀུ་བོད་ཁྱིམ་ནས་བསྟན་འཛིན་རྣམ་མཛེས་ལ་བརྒྱ་ཆ་ ༩༥.༢ བཅས་ཡིན་པ་དང་། ཚོང་རིག་སྡེ་ཚན་ནས་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་སློབ་མ་གཅིག་ཡོད་པ་ནི་མ་སུ་རི་བོད་ཁྱིམ་གྱི་བསྟན་འཛིན་ནོར་སྒྲོན་བརྒྱ་ཆ་ ༩༦.༨ ཡིན་འདུག

འདི་ལོར་བོད་སློབ་ཁག་ནས་ཡིག་རྒྱུགས་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་ཕྲུག་ ༩༡ བྱུང་ཡོད་པ་ལས། མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་ ༤༤ དང་ཧར་པ་སྤུར་གཏན་སློབ་ནང་ ༡༡། སེ་ལ་ཀུའི་བོད་ཁྱིམ་ནང་ ༨། མོན་གྷོ་སཾ་བྷོ་གཏན་སློབ་ནས་ ༦། དེ་བཞིན་སུ་ཇ་བོད་ཁྱིམ་ནས་ ༥ དང་གྷོ་པལ་པུར་བོད་ཁྱིམ་ནས་སློབ་ཕྲུག་ ༤། མ་སུ་རི་གཏན་སློབ་ནས་ ༣། པོན་ཊ་གཏན་སློབ་ནས་ ༣། དྷ་སྟེང་བོད་ཁྱིམ་ནས་ ༣། རྡོར་གླིང་གཏན་སློབ་ནས ༡། སྦེལ་ཀོབ་སཾ་བྷོ་ཉིན་སློབ་ནས་ ༡། སྦེལ་ཀོབ་བོད་ཁྱིམ་ནས་ ༡། དོན་གྲུབ་གླིང་སྒེར་གཉེར་སློབ་གྲྭ་ནས་ ༡ བཅས་ཡིན་འདུག

འདི་ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་མཁན་ནི་འབྱུང་རིག་སྡེ་ཚན་ནས་རྩེ་ཕུད་སློབ་མ་གསུམ་ཡོད་པ་དང་། འདི་དག་ནི་མ་སི་རི་བོད་ཁྱིམ་ནས་ཡིན་པའི་སློབ་མ་བསོད་ནམས་སྟོབས་རྒྱལ་དང་བསྟན་འཛིན་ཉི་མ། ཧར་པ་སྤུར་གཏན་སློབ་ནས་ཡིན་པའི་བསྟན་འཛིན་ཚེ་རིང་བཅས་དང་། གཞན་ཚན་རིག་སྡེ་ཚན་གྱི་རྩེ་ཕུད་སློབ་མ་གསུམ་ནི། ཀུན་དགའ་ལེགས་ཆུང་དང་། སྒྲོལ་མ་ཆོས་འཛོམས། ཀུན་དགའ་བཀྲ་ཤིས་བཅས་དང་། ཚོང་རིག་སྡེ་ཚན་གྱི་རྩེ་ཕུད་སློབ་མ་གསུམ་ནི། བསྟན་འཛིན་ནོར་སྒྲོན། བསྟན་འཛིན་དབང་མོ། རིན་ཆེན་སྒྲོལ་མ་བཅས་ཡིན་འདུག ཁོ་ཚོ་ཚང་མ་མ་སི་རི་བོད་ཁྱིམ་ནས་ཡིན་འདུག

དེ་ཡང་། སྲིད་སྐྱོང་སློབ་ཡོན་ཐོབ་པར་ཆ་སྙོམས་་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་༩༥་ལོན་དགོས་ཡོད་འདུག  སྲིད་སྐྱོང་སློབ་ཡོན་ནི་ཕྱི་ལོ་ ༢༠༡༣ ལོར་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་། འདི་ལོར་སྲིད་སྐྱོང་སློབ་ཡོན་བཞེས་མཁན་མང་ཤོས་བྱུང་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།