29
Mon, Apr

མཛད་སྒོའི་ཐོག་ཏུ་གསུང་བཤད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཤེས་རབ་དགའ་ཚལ་སློབ་གླིང་དུ་ད་ལྟ་སློབ་སྦྱོང་གནང་བཞིན་པའི་བརྩེ་བའི་སློབ་ཕྲུག་བཅས་ཚང་མ་ལ་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་སྲིད་སྐྱོང་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༦ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་བཞུགས་སྒར་རྡ་སའི་ཉེ་འཁྲིས་སུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་ཉིན་གཉིས་རིང་གི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་སོང་།

དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སམ་བྷོ་ཊའི་འགན་འཛིན་དང་འགན་འཛིན་ལས་རོགས། རྡ་ས་ཉེ་འཁོར་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་དང་འགན་འཛིན་ཟུར་པ། སློབ་མ་ཟུར་པ་བཅས་ཚང་འཛོམས་ཐོག་མཛད་སྒོའི་ཐོག་མ་བོད་ཀྱི་རྒྱལ་གླུ་དབྱངས་སུ་གྱེར།

དེ་རྗེས་བོད་ཕྱི་ནང་གཉིས་ཀྱི་འདས་གསོན་རྒྱལ་གཅེས་དཔའ་བོ་ཡོངས་ལ་གུས་འདུད་མྱ་ངན་སྐར་མ་གཅིག་རིང་ཞུས། དེ་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་སློབ་གྲྭའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་གྲུབ་མཚམས། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཁག་གཅིག་གིས་མཉམ་གཞས་གཟིགས་འབུལ་ཞུས་སོང་། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཐར་ཕྱིན་སློབ་མ་རྣམས་ལ་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་དོན། དེ་རིང་མཛད་སྒོ་འདིའི་ཐོག་ཕེབས་པའི་སྐུ་མགྲོན་སྤྱི་འཐུས་རྣམ་པ་དང་། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་རོགས། ཤེས་རིག་ལས་ཁུངས་ཀྱི་དེང་སྲོལ་ཚན་པའི་འགན་འཛིན། སློབ་ཕྲུག་ཟུར་པ་རྣམ་པ། དགེ་རྒན་དང་ལས་བྱེད་ཟུར་པ་རྣམ་པ། ཤེས་རབ་དགའ་ཚལ་སློབ་གླིང་དུ་ད་ལྟ་སློབ་སྦྱོང་གནང་བཞིན་པའི་བརྩེ་བའི་སློབ་ཕྲུག་བཅས་ཚང་མ་ལ་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སློབ་ཕྲུག་ཟུར་པ་རྣམ་པས་གཙོས་དང་དུ་བླངས་ནས་འགྲོ་གྲོན་གཏོང་མཁན་དང་། དེ་བཞིན་འགན་ཁུར་གནང་མཁན། རོགས་རམ་གནང་མཁན་སོགས་ཡོངས་ལའང་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སློབ་གླིང་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་གསར་བཙུགས་གནང་བ་དང་། དེ་ནས་ཕྱི་ལོ་ ༡༩༩༨ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་ཞེས་མཚན་གནང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༡ བར་ཤེས་རིག་ལས་ཁུངས་ཀྱིས་སྟངས་འཛིན་གནང་བ་རེད། ཕྱི་ལོ་ ༢༠༡༡ ལོར་བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་སུ་སམ་བྷོ་ཊས་འགན་བླངས་པ་དང་། ཕྱི་ལོ་ ༢༠༡༢ ལོར་ང་རང་འདིར་བསླེབས་དུས་ངས་འདི་ལྟར་ཞུས་མྱོང་། གཞི་རྩའི་སློབ་གྲྭ་འདི་ཉིད་སམ་བྷོ་ཊས་འགན་ལེན་བཞིན་ཡོད་ཀྱང་། སློབ་གྲྭ་འདིའི་ཕ་མ་ལྟ་བུ་བཀའ་ཤག་རེད། དཀའ་ངལ་ག་རེ་ཡོད་ན་ཞུ་ཆོག་གི་རེད། ཅེས་ཞུ་རྒྱུ་བྱུང་།

སྐབས་དེ་དུས་སློབ་གྲྭའི་དགོས་མཁོ་དང་བསྟུན་ལྷ་བྲིས་སློབ་སྦྱོང་དུས་ཡུན་ལོ་ ༥ ནས་ ༨ བར་བཟོས་པ་དང་། དེ་བཞིན་སློབ་སྦྱོང་མུ་མཐུད་བྱ་འདོད་ཡོད་མཁན་རྣམས་ལ་འཛིན་གྲྭ་བཅུ་གཉིས་དང་མཐོ་སློབ་བར་དུ་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་བསྐྲུན་པ་རེད།

དེ་རིང་སྙན་ཐོའི་ནང་འཛིན་གྲྭ་༡༠ཐོན་མཁན་སློབ་ཕྲུག་གྲངས་༨༠ བྱུང་འདུག དེ་བཞིན་འཛིན་གྲྭ་བཅུ་གཉིས་ཐོན་མཁན་སློབ་ཕྲུག་གྲངས་ ༢༡ བྱུང་འདུག ད་བར་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། གྲོས་ཚོགས། བོད་ཀྱི་བང་ཆེན་དང་དུས་བབ་གསར་ཁང་སོགས་ནང་ཕྱག་ལས་གནང་བཞིན་པ་མང་པོ་ཡོད།

མ་འོངས་པར་འཛིན་རིམ་བཅུ་གཉིས་ཐོན་རྗེས་ཁྱེད་རྣམ་པས་མུ་མཐུད་སློབ་སྦྱོང་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྲིད་སྐྱོང་གནང་ཐུབ་པ་བྱ་དགོས། འདས་པའི་ལོ་ངོ་ ༢༥ རིང་ལ་འགན་འཛིན་དང་དགེ་ལས་སློབ་ཕྲུག་ཡོངས་ནས་དཀའ་ལས་བརྒྱབ་པར་བརྟེན། སློབ་གླིང་འདི་ཚགས་ཚུད་པོ་བྱུང་ཡོད། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བཙན་བྱོལ་བ་ཚོ་འདྲ་འདྲའི་ནང་ནས་མི་འདྲ་བ་ཆགས་ཡོད། དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་ཆོལ་གསུམ་བོད་མི་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་། དེ་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་འབྲེལ་སྐུ་མགྲོན་རྣམས་ལ་པར་རིས་འགྲེམ་སྟོན་གནང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།