29
Mon, Apr

རྒྱལ་སྤྱིའི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐེངས་ ༡༣ ཐོག་སྦེང་ལོར་ལྷོ་སྤྱི་མཉམ་ཞུགས་གནང་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་སྦེང་ལོར་གྲོང་ཁྱེར་དུ་ World Fellowship of Inter Religious Councils དང་ Dharmaram Vidya Kshetram ཞེས་པའི་མཐོ་སློབ་ཐུན་མོང་གི་གོ་སྒྲིག་འོག་རྒྱལ་སྤྱིའི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐེངས་ ༡༣ བསྐོང་ཚོགས་གནང་ཡོད།

དེ་ཡང་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་གོང་གསལ་ཚོགས་པ་ཁག་ནས་མགྲོན་འབོད་གནང་བ་ལྟར་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་། རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དགོན་པའི་སྐུ་ཚབ་སློབ་དཔོན་ཚེ་སྐྱིད་རྡོ་རྗེ་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་མཛད་སྒོར་མཉམ་ཞུགས་གནང་ཡོད།

ཆོས་ལུགས་ཕན་ཚུན་དབར་བགྲོ་གླེང་ཚོགས་ཆེན་ཐོག་ཧིན་དུ་དང་། ཡི་ཤུ། ཁ་ཆེ། སིཀ གཅེར་བུ་བ་བཅས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད། རྒྱལ་སྤྱིའི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐེངས་ ༡༣ ཐོག་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ནང་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་སྐོར་ངོ་སྤྲོད་ཞུས་ཡོད། སྐབས་དེར་ཆོས་ལུགས་གཞན་གྱི་བླ་ཆེན་ཁག་ནས་ཀྱང་ཆོས་ལུགས་མཐུན་འབྲེལ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུང་བཤད་གནང་ཡོད།
ཕྱི་དྲོར་ Religion as a unifying force ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལས་རིམ་སྐབས་རྣམ་གྲོལ་གླིང་དགོན་པའི་སྐུ་ཚབ་སློབ་དཔོན་ཚེ་སྐྱིད་རྡོ་རྗེ་ལགས་མཉམ་ཞུགས་ཀྱིས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་བཅས། །

བོད་ཀྱི་ལོ་རྒྱུས་ཡིག་ཆ།