27
Sat, Apr

བདམས་ཐོན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ལས་ཁུར་དམ་འབུལ་ཞུས་བ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཁ་སང་ཕྱི་ལོ་༢༠༡༨ཟླ་༤ཚེས་༣ཉིན་བཞུགས་སྒར་རྡ་ས་གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་རྩེ་ཐོག་ཚོགས་ཁང་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་དུ་བདམས་ཐོན་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་སོང་།

དེ་ཡང་གོང་ཚེས་ཉིན་གྱི་ཆུ་ཚོད་ ༣ དང་ཕྱེད་ཀྱི་ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག ཁྲིམས་ཞིབ་པ་གཞན་ངག་དབང་རབ་རྒྱལ་མཆོག་དང་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ། ཚོགས་མི། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་འདུག

དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། བདམས་ཐོན་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་གྲུབ་བསྟུན། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་སྒྲོན་འབུལ་གནང་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་འདུག དེ་ནས་སྐུ་མགྲོན་རྣམ་པར་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་གྱིས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་མཛད་གཙོ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་དང་འབྲེལ་བཀའ་བློན་མཆོག་ལ་འཚམས་འདྲིའི་མཇལ་དར་སྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་ཡོད།

དེ་ཡང་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་དོན་ལྟར་ན་བདམས་ཐོན་བཀའ་བློན་པདྨ་དབྱངས་ཅན་མཆོག་ཤེས་རིག་བཀའ་བློན་དུ་བསྒོ་གཞག་གནང་འདུག

དམ་འབུལ་མཛད་སྒོ་གྲུབ་རྗེས་བདམས་ཐོན་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསར་འགོད་པ་རྣམས་ལ་གསུང་དོན།

ང་རང་ལ་ཆ་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་ཡག་པོ་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྲན་ལ་ཤེས་རིག་བཀའ་བློན་ཏུ་བསྐོ་གཞག་གནང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་བ་དང་ལྷན་འགན་ཆེན་པོ་ཞིག་ཀྱང་ཡིན་པའི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་བྱུང་། ངའི་རྒྱབ་ལྗོངས་ཤེས་རིག་དང་འབྲེལ་བ་ཡོད་སྟབས་ངས་ཞབས་འདེགས་ཡག་པོ་སྒྲུབ་ཐུབ་པའི་དམིགས་ཡུལ་ཡོད་པ་མ་ཟད་འཆར་གཞི་ཡང་ཡོད་ཅེས་གདེང་སྤོབས་ཆེན་པོ་ཐོག་ནས་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ ༦༠ འཁོར་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་གཞིར་བཟུང་མུ་མཐུད་བོད་མིའི་ཐུན་མིན་སྐད་ཡིག་དང་རིག་གཞུང་ཡར་རྒྱས་གཏོང་རྒྱུའི་སླད་ཤུགས་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་བརྗོད་མི་དགོས་པ་རེད། ང་རང་ངོས་ནས་ཤེས་ཡོན་ཐོག་ནུས་པ་གང་ཡོད་སྟོན་ནས་ལྷག་བསམ་རྣམ་དག་ཐོག་འབད་བརྩོན་ལྷོད་མེད་ཞུ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅེས་གསུས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།