28
Sun, Apr

ཨོ་ཐོག་དགོན་པ་དང་དགེ་འདུན་བསྟན་འཛིན་མཁྱེན་རབ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༣ ཚེས་༤ཉིན་སྤེལ། བོད་ཁམས་ཉག་ཆུ་རྫོང་ནས་ཡིན་པའི་དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་རྒྱ་གཞུང་ཉེན་རྟོག་པས་༸གོང་ས་མཆོག་གི་སྐུ་པར་ཉར་བའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་ཕྱིན་ཡོད་ཀྱང་། ད་ལྟའི་ཆར་ཁོང་གི་སྐོར་ལ་གནས་ཚུལ་གང་ཡང་གོ་ཐོས་བྱུང་མེད་པ་དང་། ཁོང་གི་ཨ་མས་ཁོང་ལ་སེམས་ཁྲལ་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་ཁོ་མོ་ན་ནས་སྨན་ཁང་དུའང་ཁྲིད་ཡོད་འདུག

དེ་ཡང་། ཕྱི་ལོ་༢༠༢༣ ཟླ་༩་པའི་ནང་དུ། དགེ་འདུན་པ་དང་རྩོམ་པ་པོ་བསྟན་འཛིན་མཁྱེན་རབ་ལགས་རྫ་ཆུ་ཁ་ཡང་ན་སེར་ཤུལ་རྫོང་དུ་ཡོད་པའི་སེར་ཤུལ་དགོན་པ་དུ་སློབ་གཉེར་བྱེད་བཞིན་ཡོད་པ་དང་། དགེ་འདུན་པ་རྣམས་དབྱར་གནས་བཞུགས་ཚར་རྗེས། བསྟན་འཛིན་མཁྱེན་རབ་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་དང་འཕྲུལ་དེབ་ཁ་ཤས་ཁ་པར་ནང་དུ་ཉར་ཡོད་པའི་ཉེས་མིང་འོག་སེར་ཤུལ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག གོ་ཐོས་ལྟར་ན་ཁོང་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་ཁྲིད་ཡོད་ཅིང་། དེའི་རྗེས། ཁོང་གར་སོང་ཆ་མེད་དུ་འགྱུར་ནས་ད་ལྟར་བར་ལོ་གཅིག་ལྷག་ཕྱིན་ཡོད་འདུག

བསྟན་འཛིན་མཁྱེན་རབ་ལགས་ལ་རྒྱུན་ལོན་ཡོད་པའི་བོད་མི་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་དོན། བསྟན་འཛིན་མཁྱེན་རབ་ལགས་ཀྱི་སྨྱུག་མིང་ལ་ལྡོང་རང་ལྕགས་ཟེར་ཞིང་། ཁོང་ནི་ལི་ཐང་རྫོང་གི་ཉེ་འཁྲིས་སུ་ཡོད་པའི་ཨོ་ཐོག་སྨད་ཐ་མ་སྡེ་བ་ནས་རེད། ཁོང་གིས་ཐོག་མར་ཨོ་ཐོག་དགོན་པ་ནས་སློབ་གཉེར་དང་དེ་ནས་ལི་ཐང་དགོན་ཆེན་དུ་སློབ་གཉེར་བྱས་པ་རེད། དེའི་རྗེས། ཁོང་སེར་ཤུལ་དགོན་དུ་སློབ་གཉེར་བྱེད་དུ་སོང་ནས་ཁོང་འཛིན་བཟུང་མ་བྱེད་གོང་དེར་སློབ་གཉེར་གནང་བཞིན་པ་རེད། ཁོང་རྒྱུན་དུ་སློབ་སྦྱོང་བྱེད་རྒྱུར་ཧ་ཅང་དགའ་མཁན་ཞིག་དང་། ནང་ཆོས་དང་ཚན་རིག དེ་བཞིན་རྒྱ་ཡིག་དང་གློག་ཀླད་སོགས་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་རེད།

ལོ་གཉིས་གསུམ་སྔོན་ལ་བསྟན་འཛིན་མཁྱེན་རབ་ཀྱིས་བོད་མིར་གློག་ཀླད་སློབ་པའི་སྐད་འཕྲིན་ཚོགས་པ་ཤིག་ཀྱང་བཙུགས་འདུག དེའི་ནང་དུ་ཁོང་གིས་གློག་ཀླད་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་སྐོར་བརྙན་ཐུང་བཟོས་ནས་ཚོགས་པ་དེའི་ནང་དུ་གཏོང་གི་འདུག གཞན་ཡང་། ཁོང་གིས་སྐད་འཕྲིན་ཚོགས་པ་ཁ་ཤས་ནང་དུ་གནད་དོན་འདྲ་མིན་ཐོག་ནས་གཏམ་བཤད་གནང་བཞིན་འདུག ཁོང་དངོས་གནས་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་བོད་མི་གཞོན་སྐྱེས་ཤིག་རེད་བསམས་པའི་ཚོར་བ་བྱུང་སོང་།

བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ཁོང་རང་གིས་དེབ་ཁ་ཤས་ཤིག་བརྩམས་ཡོད་པའི་སྐོར་རོགས་པ་ཞིག་ལ་བརྗོད་ཡོད་པ་དང་། མི་འགྱངས་བ་དེབ་དེ་དག་དཔར་བསྐྲུན་བྱ་རྒྱུ་ཡིན་སྐོར་ཡང་བཤད་ཡོད་འདུག འོན་ཀྱང་། དེའི་རྗེས་ཁོང་འཛིན་བཟུང་བྱས་འདུག

ཁོང་ལ་ཁྱིམ་དུ་ཨ་མ་གཅིག་མ་གཏོགས་ནང་མི་གཞན་མེད་པ་རེད། དེར་བརྟེན། ལོ་གསར་སྐབས་དང་གུང་སེང་སྐབས་ནང་དུ་ལོག་ནས་ཨ་མ་མཉམ་དུ་སྡོད་ཀྱི་ཡོད་འདུག འོན་ཀྱང་། ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྗེས་སུ་ཨ་མས་ཁོང་གི་སྐོར་ལ་གནས་ཚུལ་གང་ཡང་ཤེས་རྟོགས་མེད་དུས་སེམས་ཁྲལ་ཧ་ཅང་བྱེད་བཞིན་ཡོད་ཅིང་། ཉེ་ཆར་ཁོང་གི་ཨ་མ་ན་ནས་སྨན་ཁང་དུ་ཁྲིད་ཡོད་འདུག ཁོང་གི་ཨ་མ་ད་ལྟར་དགུང་ལོ་༥༣་ཡིན་འདུག་པ་དང་མིང་ལ་སྦོ་བདེ་ཟེར་གྱི་འདུག ཁོ་མོའི་ནད་གཞིའི་གནས་སྟངས་ལ་བལྟས་ན་མོ་རང་གི་བུ་ཐུག་སྔོན་ལ་འདས་གྲོངས་འགྲོ་བའི་ཉེན་ཁ་འདུག་ཅེས་འབྲེལ་གནས་ཚུལ་ཤེས་མཁན་ཞིག་གིས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།