12
Sun, Jul

༢༠༢༠་ལོའི་ཟླ་༥་ཚེས་༢༤་ཉིན། ཧོང་ཀོང་དུ་སླར་ཡང་རྒྱ་གཞུང་ལ་ངོ་རྒོལ་བཞིན་པ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༥་ཚེས་༢༤་ཉིན། ཧོང་ཀོང་དུ་མི་མང་སྟོང་ཚོས་རྒྱ་གཞུང་ནས་ཧོང་ཀོང་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ཁྲིམས་འཆར་གསར་བ་ཞེས་པ་ཞིག་ལག་བསྟར་བྱ་འཆར་ཡོད་པར་ངོ་རྒོལ་བྱས་འདུག དེའི་སྐབས། ཉེན་རྟོག་པ་འབོར་ཆེན་སླེབས་ནས་ཁོ་ཚོར་མིག་ཆུ་དུག་རླུང་དང་མེ་ཆུ་གཏོར་ཡོད་པ་མ་ཟད། མེ་མདའ་ཡང་བརྒྱབ་འདུག

དེ་ཡང་། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་སྲིན་༡༩་པའི་དཀའ་ངལ་འཕྲད་བཞིན་པའི་སྐབས། རྒྱ་ནག་གིས་ཚོགས་ཆེན་གཉིས་པ་ཞེས་པ་ཞིག་འཚོགས་བཞིན་ཡོད། ཚོགས་འདུ་དེའི་ཁྲོད་རྒྱ་གཞུང་གིས་ཧོང་ཀོང་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ཁྲིམས་འཆར་ཞེས་པ་ཞིག་ལག་བསྟར་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག དེར་ཧོང་ཀོང་མི་མང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་མ་ཟད། ཁ་སང་གཟའ་ཉི་མ་ཉིན། ཧོང་ཀོང་དུ་མི་མང་སྟོང་ཚོ་འགའ་ཁྲོམ་གཞུང་དུ་ཐོན་ནས་རྒྱ་གཞུང་ལ་དངོས་སུ་ངོ་རྒོལ་སྐད་འབོད་བྱས་འདུག ཞི་བའི་ངོ་རྒོལ་བྱེད་སྐབས། མི་མང་ཚོས་ཧོང་ཀོང་རང་དབང་དགོས་སོགས་ཀྱི་སྐད་འབོད་རྒྱབ་འདུག དེར་ཉེན་རྟོག་པ་ཚོས་ཁོ་ཚོར་མེ་མདའ་བརྒྱབ་པ་དང་། མིག་ཆུ་དུག་དང་མེ་ཆུ་གཏོར་འདུག དེའི་ཁྲོད་ངོ་རྒོལ་བ་༡༨༠་ལྷག་འཛིན་བཟུང་བྱས་ཡོད་པར་བརྒྱུད་ལམ་ཁག་ཏུ་གསལ་འདུག

ཁྲིམས་འཆར་དེ་ནི། ལོ་སྔོན་མར་ཧོང་ཀོང་དུ་མི་མང་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། དེའི་ཁྲོད་འཛིན་བཟུང་བྱས་པའི་མི་མང་ལ་ཉེས་ཆད་གཅོད་རྒྱུ་དང། དེ་བཞིན། ཧོང་ཀོང་ནང་དུ་ཁ་བྲལ་དང་འབྲེལ་བའི་ལས་འགུལ། ཕྱི་རྒྱལ་གྱི་ཐེ་བྱུས། འཇིགས་སྐུལ་རིང་ལུགས་པ་དང་། གྱེན་ལོག་ཤོག་ཁག་གི་ལས་འགུལ་སོགས་བཀག་སྡོམ་བྱེད་རྒྱུ་ཡིན་པར་རྒྱ་མི་ཞིག་གིས་ལྷོ་རྒྱ་ནག་གསར་ཁང་ལ་འགྲེལ་བརྗོད་བྱས་འདུག

ཁྲིམས་འཆར་དེ་ཧོང་ཀོང་དུ་ལག་བསྟར་བྱེད་ཚེ། ཧོང་ཀོང་མི་མང་ལ་རང་དབང་མེད་པའི་དཀའ་ངལ་ཤུགས་ཆེན་འཕྲད་རྒྱུ་ཡིན་འདུག དེར་བརྟེན། ཧོང་ཀོང་ནང་དུ་ཡོད་པའི་མི་ཁག་ཅིག་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད། ཨ་རིའི་སྲིད་འཛིན་ཊུམ་དང་གྲོས་ཚོགས་འཐུས་མི་སོགས་ཀྱིས་རྒྱ་གཞུང་ལ་ཁྲིམས་འཆར་དེའི་ཐད་ལ་སྐྱོན་བརྗོད་བྱས་འདུག

ཁ་ཎ་ཌ་ནང་དུ་རྟེན་གཞི་བྱས་པའི་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ཧོང་ཀོང་དུ་ངོ་རྒོལ་འབྱུང་བཞིན་པའི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ། དེའི་སྐབས། ངོ་རྒོལ་བ་ཚོའི་ལག་ཏུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཤི་ཚར་བ་རེད། ཧོང་ཀོང་ལ་རང་དབང་། བོད་ལ་རང་དབང་། ཡུ་གུར་རང་དབང་། རྒྱ་ནག་གི་ཚོང་རྫས་ལ་ངོ་རྒོལ་བྱེད་སོགས་བཀོད་འདུག

ལོ་སྔོན་མར་ཧོང་ཀོང་གི་ཁྲོམ་གཞུང་དང་སྲང་ལམ་ཁག་དུ་ངོ་རྒོལ་བ་སྟོང་ཕྲག་མང་པོས་ཟླ་བ་མང་པོའི་རིང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད། ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི། དང་པོ། ཉེན་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་མེད་པ་བཟོ་དགོས། གཉིས་པ། འཛིན་བཟུང་བྱས་པའི་ངོ་རྒོལ་བ་ཚོ་གློད་དགོས། གསུམ་པ། ངོ་རྒོལ་བ་ཚོ་ཟིང་འཁྲུག་སློང་མཁན་དུ་བརྗོད་རྒྱུར་མཚམས་འཇོག་དགོས། བཞི་པ། ཉེན་རྟོག་པའི་གདུག་རྩུབ་དང་ལྡན་པའི་བྱ་སྤྱོད་ལ་རང་དབང་ལྡན་པའི་ཐོག་ནས་བརྟག་དཔྱད་དགོས། ལྔ་པ། རང་དབང་ཅན་གྱི་འོས་བསྡུ་བྱེད་དགོས་པ་བཅས་ཡིན།

བོད་ཀྱི་ལོ་རྒྱུས་ཡིག་ཆ།