20
Sat, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༡༡་སྤེལ། རྒྱ་ནག་གིས་ལོ་བཅུའི་ནང་དུ་མི་འབོར་འཕེལ་ཚད་བརྩི་བཤེར་བྱེད་ཀྱི་ཡོད་པ་དང་། དེ་རིང་ཕྱི་ལོ་༢༠༡༠་ནས་༢༠༢༠་བར་གྱི་མི་འབོར་གྲངས་བཤེར་བྱས་པའི་གྲུབ་འབྲས་བཏོན་འདུག དེའི་ནང་དུ་ཕྱི་ལོ་༡༩༥༠་ནས་རྒྱ་ནག་གི་མི་འབོར་འཕེལ་ཚད་ཉུང་ཤོས་དེ་ཆགས་འདུག

དེ་ཡང་། ཟླ་འདིའི་ཚེས་༡༡ཉིན། རྒྱ་གཞུང་གིས་ཕྱི་ལོ་༢༠༡༠་ནས་༢༠༢༠་བར་རྒྱལ་ཡོངས་མི་འབོར་གྲངས་བཤེར་བྱས་པའི་གྲུབ་འབྲས་བཏོན་ཡོད་པ་དང་། དེའི་ནང་དུ། རྒྱ་ནག་དུ་ལོ་བཅུའི་ནང་མི་འབོར་འཕེལ་ཚད་བརྒྱ་ཆ་༥.༣༨་ཡིན་པ་དང་། ད་ལྟར་མི་འབོར་ཐེར་འབུམ་༡.༤༡་ཡོད་པར་འགྲེལ་བརྗོད་བྱས་འདུག

མི་གྲངས་བརྩི་བཤེར་བྱས་པར་གཞིར་བཟུང་ན། ཕྱི་ལོ་༢༠༠༠་ནས་༢༠༡༠་ལོ་བར་མི་འབོར་འཕེལ་ཚད་ནི་བརྒྱ་ཆ་༥.༨༤ དང་། མི་འབོར་གྲངས་ཚད་ནི་ཐེར་འབུམ་༡.༣༤་ཡོད་པ་དང་། ཕྱི་ལོ་༢༠༡༠་ནས་༢༠༢༠་བར་མི་འབོར་འཕེལ་ཚད་བརྒྱ་ཆ་༥.༣༨་ཡིན་པ་དང་། ད་ལྟར་མི་འབོར་ཐེར་འབུམ་༡.༤༡་ཡོད་འདུག

ཕྱི་ལོ་༢༠༢༠་ནི་ཕྱི་ལོ་༡༩༥༣་ནས་བཟུང་རྒྱ་ནག་གི་མི་འབོར་འཕེལ་ཚད་ཉུང་ཤོས་དེ་ཆགས་འདུག དོན་དངོས་ཐོག ཕྱི་ལོ་༢༠༢༠་གྲངས་འབོར་དེ་ལས་ཉུང་བ་ཡོད་པ་འགྲེལ་བརྗོད་བྱས་འདུག

མི་འབོར་ཆེད་མཁས་ལས་པས་འགྲེལ་བརྗོད་བྱས་པར་ལྟར། རྒྱ་ནག་གི་མི་འབོར་ད་དུང་ཡང་མུ་མཐུད་ནས་མར་ཆགས་རྒྱུ་ཡིན་པ་དང་། དམིགས་བསལ་ད་ལྟར་གྲོང་འཁྱེར་ནང་དུ་གནས་སྡོད་བྱས་པའི་ཕྱི་ལོ་༡༩༩༠་ནས་སྐྱེས་པའི་བཟའ་མི་ཚོས་རང་དབང་དང་དམིགས་ཡུལ་ལ་བརྩི་མཐོང་མང་བ་སྤྲོད་པ་ལས་བྱིས་པ་སྐྱེས་པར་འདོད་མོས་བྱེད་ཀྱི་མེད་པ་རེད། དེ་བཞིན། གྲོང་འཁྱེར་ནང་དུ་བྱིས་པ་གསོ་སྐྱོང་ཆེད་འགྲོ་སོང་ཆེ་བས་ཕ་མ་མང་དག་ཅིག་གིས་བྱིས་པ་མང་པོ་སྐྱེས་འདོད་མེད་པ་རེད།

མི་འབོར་འཕེལ་ཚད་ཀྱི་རྩིས་སྟངས་མི་ཤི་བའི་གྲངས་ནས་བྱིས་པ་སྐྱེས་པའི་གྲངས་ཀ་འཐེན་གྱི་ཡོད། རྒྱ་ནག་གི་མི་འབོར་མང་ཤོས་ནི་ལོ་རྒན་ཡིན་པ་དང་། ལོ་རྒན་གྱི་སྤྱི་ཚོགས་ཀྱི་ནང་དུ་གསར་སྐྱེས་གྲངས་ཀ་ཉུང་དུ་ཕྱིན་པ་བརྟེན། དཔལ་འབྱོར་ཡར་རྒྱས་ལ་ཤུགས་རྐྱེན་ངན་པ་སྤྲོད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་ཡར་རྒྱས་འགྲོ་ཕྱོགས་ཐད་ལའང་གནོད་སྐྱོན་ཕོག་གི་ཡོད་པར་བརྗོད་འདུག

ཕྱི་ལོ་༡༩༧༠་ཡི་ནང་དུ། རྒྱ་གཞུང་གིས་བྱིས་པ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་། རྒྱ་ནག་གི་མི་འབོར་འཕེལ་ཚད་ཉུང་དུ་ཕྱིན་ཡོད། ཕྱི་ལོ་༢༠༡༦་ལོར་བྱིས་པ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་སྲིད་བྱུས་དེ་འགྱུར་བ་བཏང་ནས་བྱིས་གཉིས་སྐྱེས་ཆོག་པ་བཟོས་ཡོད། འོན་ཀྱང་། གྲངས་འབོར་འདི་ཕྱི་ལོ་༢༠༡༦་ལོར་བཞག་པའི་དམིགས་ཡུལ་དེ་གྲུབ་མེད་པ་རེད། དམིགས་ཡུལ་དེ་ནི་ཕྱི་ལོ་༢༠༢༠་ལ་མི་འབོར་ཐེར་འབུམ་༡.༤༢་སླེབས་རྒྱུ་དེ་རེད།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།