24
ཕུར་བུ།, ཟླ་དགུ་པ།

༢༠༢༠་ལོའི་ཟླ་༨་ཚེས་༥་ཉིན། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་མཆོག་གིས་གསལ་བསྒྲགས་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༥་ཉིན། དབུས་འོས་བསྡུ་ལས་ཁང་གིས་༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་འགོ་འཛུགས་ཆོག་པའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་སོང་། དེའི་སྐབས། རང་རེའི་འོས་བསྡུ་ཆེན་མོ་འདི་བཞིན་མ་འོངས་བོད་བསྟན་སྲིད་སྤྱིའི་ལས་དོན་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པས། བྱེས་འཁོད་རང་རིགས་ཡོངས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་འོས་བསྡུའི་ནང་ཆ་ཤས་བཞེས་རྒྱུ་གནད་ཀྱི་སྙིང་པོ་ཡིན། ཞེས་གསུངས་སོང་།

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་མཆོག འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་མཆོག་དང་སྤྱི་ཟུར་བསོད་ནམས་རྒྱལ་མཚན་མཆོག་བཅས་ཀྱིས་ཕེབས་ནས་གསལ་བསྒྲགས་སྤེལ་སོང་། ཐོག་མར། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་མཆོག་གིས་གསུང་དོན། དབུས་འོས་བསྡུ་ལས་ཁང་ནས་འདི་ལོའི་གསར་འགོད་ལྷན་ཚོགས་ཐོག་མ་འདི་འདུ་སྐོང་ཞུ་དོན་གལ་ཆེའི་དོན་ཚན་གཉིས་ཐོག་ངོ་སྤྲོད་དང་གསལ་བསྒྲགས་ཞུ་རྒྱུར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པའི་དོན་ཚན་གོ་བདུན་པའི་ནང་གསེས་གཉིས་པའི་ཀ་པ་ནང་གསལ《 སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་བྱས་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། 》 ཞེས་པའི་དགོངས་དོན་བཞིན། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་སླད་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་མཆོག་དང་། སྤྱི་ཟུར་བསོད་ནམས་རྒྱལ་མཚན་མཆོག་རྣམ་པ་གཉིས་ལ་དབུས་འོས་བསྡུ་ལས་ཁང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

༡། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་གསལ་བསྒྲགས།

༡་༡། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་དེ་རིང་ནས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་འགོ་འཛུགས་ཀྱི་གཞུང་འབྲེལ་གསལ་བསྒྲགས་དངོས་སུ་བསྐྱངས་པ་ཡིན། དེང་སྐབས་ནད་ཡམས་རྐྱེན་པས་དཀའ་ཚེགས་དུ་མ་ཞིག་ཡོད་མུས་ཀྱང་། གནས་སྟངས་ཇི་ཆགས་ལ་མ་ལྟོས་པར་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཆེན་མོ་དུས་ཐོག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ན། ས་གནས་འོས་བསྡུ་ལས་ཁང་དང་རྒྱ་ཆེ་མང་ཚོགས་ནས་ཀྱང་ངལ་བ་ཁྱད་བསད་ཀྱིས་ཞུ་སྒོ་ཁག་གནང་ཐབས་དགོས་རྒྱུ། རང་རེའི་འོས་བསྡུ་ཆེན་མོ་འདི་བཞིན་མ་འོངས་བོད་བསྟན་སྲིད་སྤྱིའི་ལས་དོན་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པས། བྱེས་འཁོད་རང་རིགས་ཡོངས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་འོས་བསྡུའི་ནང་ཆ་ཤས་བཞེས་རྒྱུ་གནད་ཀྱི་སྙིང་པོ་ཡིན། དེ་བཞིན་འཛམ་གླིང་ནང་གི་དྲང་བདེན་དང་ཞི་བདེ་ལ་དགའ་བའི་གཞུང་དམངས་མང་པོས་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་གནང་བཞིན་ཡོད།

༡་༢། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༧།༡༨།༢༠།༢༡ བཅས་ཀྱི་ནང་གསལ་ལྟར་འོས་འཕེན་པའི་མིང་གཞུང་དེབ་འགོད་ཞུ་ཕྱོགས་ཐད། སྒྲིག་གཞི་བསྐྱར་བཅོས་དགོངས་དོན་དང་། བསྐྱར་བཅོས་ཚོགས་ཆུང་གི་རྒྱབ་གཉེར། དུས་ཀྱི་དགོས་མཁོ་སོགས་ལ་གཟིགས་ཏེ་འོས་བསྡུའི་དེབ་སྐྱེལ་གསར་དུ་ཞུ་གཏན་འཁེལ་བ་ཡིན་ན། འོས་འཕེན་པའི་གྲངས་མཛོད་ཚད་འཕེར་འབྱུང་ཐབས་སུ་ས་གནས་འོས་བསྡུ་ལས་ཁང་ཁག་དང་། རྒྱ་ཆེ་མང་ཚོགས་བཅས་ནས་དམིགས་བསལ་ཐུགས་སྣང་གཟབ་བཞེས་ཐོག་འདི་ལོ་མིང་གཞུང་དེབ་སྐྱེལ་ངེས་པར་གནང་ཕྱོགས་དགོས་རྒྱུ། ཚང་མས་ཐུགས་སྣང་ཆེན་པོས་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ པའི་ནང་གསེས་ ༤ པའི་ནང་གསལ་འོས་འཕེན་པའི་ཆ་རྐྱེན་རྣམས་ལྡན་དགོས་པ་དང་། ལྷག་པར་དང་བླངས་དཔྱ་དེབ་ཡོད་ཐོག་དཔྱ་དངུལ་འབུལ་ཆད་མེད་པ་དགོས་རྒྱུ་གལ་ཆེའི་ཐོག། ས་གནས་སོ་སོར་མིང་གཞུང་དེབ་འགོད་ངེས་པར་གནང་དགོས་པ་ཡིན།

༡་༣། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེའུ་བཞི་པའི་དོན་ཚན་ ༣༧ ནང་གསལ་བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད། བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ། བྱང་ཨ་རི་དང་ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོས་ཀྲེ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་སྤྱི་འཐུས་གཅིག་བཅས་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་གྲངས་ ༤༥ ངེས་པ་ཡིན།

༡་༤། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར་དུས་ཀྱི་དགོས་མཁོ་དང་འཚམ་པའི་བསྐྱར་བཅོས་མང་དག་གནང་ཡོད་ན། རྒྱ་ཆེ་མང་ཚོགས་ནས་འོས་བསྡུའི་སྒྲིག་གཞིར་ཐུགས་སྣང་ངེས་པར་གནང་ཕྱོགས་ཡོང་བ་དང་། ལྷག་པར་སྒྲིག་གཞི་དོན་ཚན་ ༢༤ དང་ ༢༥ གཉིས་ལ་དམིགས་བསལ་ཐུགས་གཟབ་གནང་གལ་ཆེ། སྒྲིག་གསལ་འོས་གཞིར་ཞུགས་མཁན་རྣམས་ལ་ལམ་སྟོན་དོན་ཚན་བཅུ་གཉིས་ཅན་ཞིག་ཟུར་དུ་གཏན་འབེབས་ཞུས་ཡོད།

༡་༥། དེང་སྐབས་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་གྲས་ཤིག་ནི་འགན་འཁུར་གང་ཡང་མེད་པའི་ཁ་པར་དང་དྲ་ལམ་སོགས་ལ་རྒྱུན་དུ་སྤྱོད་ཐལ་ཆེ་སྐྱོན་ཙམ་དུ་མ་ཟད། དེ་དག་བརྒྱུད་སྒེར་ནད་སྤྱི་སྤུངས་ཀྱིས་ནང་ཁུལ་འཁྲུགས་གཞི། འདི་ལྟའི་གོ་སྐབས་ཕྱི་ཕྱོགས་ནས་དངོས་བརྒྱུད་ཆེད་གཉེར་བདེ་འཇགས་ལ་གནོད་ཚབས་ཡོང་མི་སྲིད་པ་མིན་སྟབས། རྒྱ་ཆེ་མང་ཚོགས་ནས་དགོས་མེད་དཀྲོགས་རྐྱེན་རིགས་ལ་དབུ་མ་འཁོར་བར་དྭོགས་ཟོན་དང་སྦིར་བསངས་དོད་པོས་བྱ་ར་དམ་འཛིན་གནང་གལ།

༡་༦། འདི་ནས་ས་གནས་འོས་བསྡུ་ལས་ཁང་ཁག་དང་རྒྱ་ཆེ་མང་ཚོགས་བཅས་ལ་འོས་བསྡུ་དང་འབྲེལ་བའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ཟབ་སྦྱོང་དང་། འཕྲིན་ལམ། སྦྱར་ཡིག། དྲྭ་ཐོག་སྦྱོང་བདར་སོགས་རིམ་པས་གོ་སྒྲིག་ཞུ་འཆར་ཡོད་ན། ཚང་མས་གལ་ཆེ་དོན་ཆེའི་ཐོག་ནས་ཐུགས་སྣང་དང་ཕྱག་ལེན་གནང་ཐབས་ཡོང་བ།

༡་༧། མང་གཙོའི་ཀ་བ་བཞི་པ་ལྟ་བུ་གསར་འགྱུར་བརྒྱུད་ལམ་ཁག་ནས་དུས་བསྟུན་དངོས་ཡོད་གནས་ཚུལ་རྣམས་གཞི་རིམ་མང་ཚོགས་སུ་དུས་ཐོག་འཁྱོལ་ཐུབ་པའི་དམིགས་བསལ་ཁྱད་ནུས་ལྡན་ཡོད་ན། གནས་ཚུལ་རྣམས་ཕྱོགས་ལྷུངས་བྲལ་བའི་དངོས་བརྟག་དྲང་བདེན་དང་ཁུངས་འཕེར་ཁྱབ་སྤེལ་གནང་བའི་ཡིད་ཆེས་དང། འོས་བསྡུ་ཆེན་མོར་སྨན་པའི་དབུས་འོས་བསྡུ་ལས་ཁང་ལ་མཐུན་འགྱུར་རམ་འདེགས་གནང་བའི་རེ་བ་ཞུ་བཞིན་ཡོད།

༢། དབུས་འོས་བསྡུ་ལས་ཁང་གི་གཞུང་འབྲེལ་དྲྭ་རྒྱ་དབུ་འབྱེད།

དབུས་འོས་བསྡུ་ལས་ཁང་ནས་དྲྭ་རྒྱ་བཟོ་དགོས་དམིགས་ཡུལ་གཙོ་བོ་འོས་བསྡུའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཚུད་འབྱུང་ཐབས་སུ་འོས་འཕེན་པ་རྒྱ་ཆེ་མང་ཚོགས་ནས་འོས་བསྡུ་དང་འབྲེལ་བའི་གནས་དོན་རྣམས་གོ་རྟོགས་འཕེལ་ཐབས་དང། སྟབས་བདེའི་ཐོག་ནས་འཚོལ་སྒྲུབ་ཐུབ་ཆེད་ཡིན། དྲྭ་རྒྱའི་སྐད་ཡིག་བོད་ཡིག་གཞི་འཛིན་ཐོག་རིམ་བཞིན་ཨིན་ཡིག་ཐོག་འདོན་འཆར་ཡོད། འདིར་ཁྱད་ཆོས་གཙོ་བོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དབུས་འོས་བསྡུ་ལས་ཁང་ནས་སྐབས་འབྲེལ་ཡོངས་ཁྱབ་གསལ་བསྒྲགས། འོས་བསྡུ་དང་འབྲེལ་བའི་བརྙན་ཐུང། འདས་པའི་འོས་བསྡུའི་གྲུབ་འབྲས་ཁག། དབུས་དང་ས་གནས་ཀྱི་འབྲེལ་གཏུགས་ངོ་སྤྲོད། འོས་འཕེན་པའི་ཤེས་བྱ་དང་ཟབ་སྦྱོང་བཅས་དེང་དུས་དང་མཐུན་པའི་བཀོལ་སྤྱོད་ཀྱི་ཆ་རྐྱེན་ཁག་ལྡན་ཡོད། ད་ལྟའི་དངོས་ཡོད་གནས་སྟངས་དང་བསྟུན་དྲྭ་ལམ་ཁག་བརྒྱུད་དྲིལ་བསྒྲགས་མང་ཙམ་སྤེལ་འཆར་ཡོད་ན། ཚང་མས་ཐུགས་སྣང་རྒྱུན་མཐུད་གནང་ཐབས་ཡོང་བ། གོ་སྐབས་འདི་དང་བསྟུན་དྲྭ་རྒྱ་གསར་བཟོའི་བྱུས་འགོད་རང་རིགས་ཁྱད་ལས་པ་སྐུ་ཞབས་བསམ་གྲུབ་ཆོས་འཕེལ་ལགས་ནས་གནང་བ་དང་དཔལ་འབྱོར་གྱི་རྒྱབ་རྟེན་ཨ་རིའི་རོགས་ཚོགས་ཨཡི་ཨེཕ་ཨྀ་ཨེས་ IFES ནས་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་རོགས་རམ་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ།

མཐའ་དོན་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མནར་བཞིན་པའི་ནད་ཡམས་མྱུར་དུ་དྭངས་བ། འདི་ལོ་བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་གཞུང་འབྲེལ་སྲུང་བརྩི་ཞུ་གཏན་འཁེལ་བ་བཞིན་འབྱུང་འགྱུར་སྲིད་སྤྱིའི་འོས་བསྡུའི་ལས་དོན་ཐོག་མཐའ་བར་གསུམ་ལེགས་གྲུབ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ཞུ་ཐུབ་པའི་སྨོན་འདུན་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ། དབུས་འོས་བསྡུ་ལས་ཁང་ནས་བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ལ།།

 

ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་འོས་གཞིར་བཞེངས་མཁན་རྣམས་ལ་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན།

༡། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་རྣམས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་ཡིག་ཆའི་སྟེང་༸གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་ཀྱི་ས་ཁྲ་སོགས་གང་དུའང་བེད་སྤྱོད་མི་ཆོག།

༢། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་ལ་སྙིང་ནས་བརྩི་བཀུར་ཐོག དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུ་དང་འབྲེལ་བའི་བྱེད་སྒོའི་ལམ་སྟོན་ཁག་ལ་ཤར་བསྐྱོད་ཐུབ་པ་གནང་གལ། མང་གཙོའི་དགོས་དམིགས་གཙོ་བོ་སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་གྱི་ཐོག་ནས་མི་མང་གི་ཆེད་དུ། མི་མང་ནས་བདམས་པ། མི་མང་གི་སྒྲིག་འཛུགས་རྨང་གཞིའི་ཐོག བོད་མི་རིགས་ཀྱི་རིག་གཞུང་གཅེས་ནོར་སྤྱི་དང་། ལྷག་པར་ཡ་རབས་བཟང་སྤྱོད། འཆམ་མཐུན་ཆིག་སྒྲིལ་འབྱུང་ཐབས་ཀྱི་ཐོག་ནས་འགན་འཁུར་བཞེས་དགོས།

༣། འོས་གཞིར་ཞུགས་མཁན་རྣམས་ནས་ཁྲིམས་མཐུན་གྱི་སྒོ་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་འབྱུང་འགྱུར་ཞུ་བྱ་སོགས་ཀྱི་གཏམ་བཤད། སྦྱར་ཡིག། ཡིག་འགྲེམས། རང་ཉིད་ཀྱི་དྲྭ་རྒྱ་སོགས་བརྒྱུད་དྲིལ་བསྒྲགས་གནང་ཆོག་པ་ཡིན། འོན་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་དང་བརྒལ་ཏེ་གང་ཟག་སྒེར་གྱི་མི་གཤིས་སོགས་ལ་སྐྱོན་བརྗོད་དང་། ནང་ཁུལ་འཆམ་མཐུན་ལ་གནོད་ཚབས་དང་འགལ་ཟླ་འགྱུར་གཞིའི་རིགས། རིགས་རུས། ཆོས་ལུགས། ཆོལ་ཁ་ནང་ཕན་ཚུན་མི་མཐུན་པ་འགྱུར་གཞི། ལུང་ཚན་འཐེན་ཁྱེར། དངུལ་དངོས་ལྐོག་རྔན་སྤྲོད་ལེན་དང་བརྒྱུད་སྐུལ་ཐབས་ཤེས་རིགས་ནམ་ཡང་མི་ཆོག།

༤། འོས་འཕེན་པ་སྒེར་གྱི་རང་ཆས་སུ་མངའ་བའི་གཞི་རིམ་ཐོབ་ཐང་ཁག་ལ་བརྩི་སྲུང་ངེས་པར་བྱ་དགོས། དེ་ལས་ལྡོག་སྟེ་བཙན་དབང་ངམ་དྲག་ཤུགས་ཀྱི་སྒོ་ནས་འོས་འཕེན་དུ་འཇུག་པའམ་མི་འཇུག་པ། འོས་གཞི་ནས་ཕྱིར་འཐེན་བྱེད་དུ་འཇུག་པ་སོགས་ཀྱི་རིགས་ནམ་ཡང་མི་ཆོག།

༥། འོས་གཞི་སུ་ཐད་ནས་དབུས་སའི་འོས་བསྡུའི་ལས་དོན་སྐོར་མི་མང་དང་། གསར་འགོད་བསྐོང་ཚོགས་ཀྱིས་དྲན་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་ཡིག་ཆ་འགྲེམས་སྤེལ་བྱེད་པའི་རིགས་མི་ཆོག

༦། འོས་གཞིར་བཞེངས་མཁན་རྣམས་ནས་གནས་ཡུལ་སོ་སོའི་ཡུལ་ཁྲིམས་ལ་བརྩི་སྲུང་དང་། དབུས་འོས་བསྡུ་ལས་ཁང་ནས་དུས་བསྟུན་ལམ་སྟོན་ཁག་ལ་དྭང་ལེན། ལྷག་པར་འོས་གཞིར་བཞེངས་མཁན་དང་དེ་འབྲེལ་སུས་ཀྱང་འོས་གཞིར་བཞེངས་མཁན་གཞན་གྱི་ཚོགས་འདུ་ཚུགས་བཞིན་པར་འགོག་རྐྱེན་བཟོས་རིགས་མི་ཆོག

༧། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༧ པ་ནང་གསལ་ཆོལ་གསུམ་སྒྲིག་འཛུགས། ཆོས་བརྒྱུད་ཁག། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་བཅས་ནས་འོས་གཞི་འདོན་ཐབས་དང་། རྒྱབ་གཉེར་རིགས་མི་ཆོག་པ་བཞིན། འོས་གཞིར་བཞེངས་མཁན་རྣམས་ནས་དེ་དག་བརྒྱུད་ནས་དྲིལ་བསྒྲགས་རིགས་མི་ཆོག།

༨། སྒྲིག་གསལ་སློབ་གྲྭ་ཁག་གི་ནང་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་དང་། དྲིལ་བསྒྲགས། ཡིག་སྦྱར་རིགས་མི་ཆོག།

༩། དེང་སྐབས་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་དངོས་མིན་གནས་ཚུལ། རྫུན་གཏམ་ཁྱབ་སྤེལ། གཞན་བརྒྱུད་གཏམ་ཆལ་སོགས་ཀྱི་དཀའ་ངལ་དུ་མ་ཡོད་མུས་བཞིན། འོས་གཞིར་བཞེངས་མཁན་རྣམས་ནས་ཧ་ཅང་ཉེན་ཚབས་ཆེ་བའི་ཁོར་ཡུག་ནང་མི་ཚུད་པ་ཕྱོགས་ཡོངས་ནས་ཐུགས་གཟབ་གནང་དགོས།

༡༠། ས་གནས་ཁག་ནང་དྲིལ་བསྒྲགས་གཏམ་བཤད་སོགས་ཀྱི་སླད་མི་མང་བསྡུ་བསྐོང་གིས་དྲིལ་བསྒྲགས་དང་། གསར་འགོད་གསལ་བསྒྲགས། ཡིག་འགྲེམས་སོགས་ཀྱི་གནས་དོན་གང་བྱེད་ས་གནས་འོས་བསྡུ་ལས་ཁང་ལ་མཁྱེན་རྟོགས་སྙན་གསན་ངེས་པར་ཞུ་དགོས།

༡༡། སྲིད་སྐྱོང་དང་སྤྱི་འཐུས་འོས་གཞིར་ཞུགས་མཁན་དང་དེ་འབྲེལ་རྣམས་ནས་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་དྲིལ་བསྒྲགས་བྱ་འཐུས་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༧ པ་ནང་གསལ་བཞིན་འོས་བསྡུའི་དུས་ཚོད་ཀྱི་ཉིན་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས། དེ་བཞིན་འོས་འཕེན་པའི་ཉིན་མོར་འོས་འཕེན་པར་བརྒྱུད་སྐུལ་ཤོག་འཛར་འགྲེམས་སྤེལ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག།

༡༢། གོང་གསལ་དོན་ཚན་གང་རུང་དང་འགལ་བ་དངོས་ར་འཕྲོད་པ་བྱུང་ཚེ། འོས་བསྡུའི་སྒྲིག་གཞི་དགོངས་དོན་འགལ་ཚབས་ལ་གཞིགས་པའི་ཉེས་ཆད་འགེལ་རྒྱུ་བཅས་ཀྱི་རྩ་འཛིན་ལམ་སྟོན་དུ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༢༠་ཟླ་༨་ཚེས་༥་ཉིན་ལ། ཞེས་འཁོད་འདུག

མཐའ་མར། དབུས་འོས་བསྡུ་ལས་ཁུངས་ཀྱི་གཞུང་འབྲེལ་དྲ་རྒྱ་ tibetanelection.net ཞེས་པ་དབུ་འབྱེད་དང་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་སོང་།།