23
Tue, Apr

ཨ་རི་སྲིད་འཛིན་ཊོམ་མཆོག པར། ཕོ་བྲང་དཀར་པོ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༢༧་ཉིན། ཨ་རི༌སྲིད༌འཛིན༌ཊོམ༌མཆོག༌གིས༌༢༠༢༠ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་(Tibetan Policy and Support Act of 2020 )ལ་མཚན༌རྟགས༌བསྐྱོན༌ནས༌ད༌ལྟ༌དངོས༌སུ༌ཁྲིམས༌ཆགས༌ཡོད་འདུག འདི་ནི་བོད་ནང་གི་བོད་མི་ཚོར་རེ་བ་གསར་པ་ཞིག་དང་། ཨ་རིའི་གཞུང་གི་ངོས་ནས་བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་གི་ཐོབ་ཐང་། བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་བ་མཚོན་གྱི་ཡོད། ཅེས་སྲིད་སྐྱོང་མཆོག་གིས་གསུངས་འདུག

དེ་ཡང་། ༸གོང་ས་མཆོག་གི་ཡང་སྲིད་ངོ་འཛིན་ཐད་དང་། བོད་མིའི་སྒྲིག་འཛུགས་ངོས་འཛིན་དང་རྒྱབ་སྐྱོར་སྐོར། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་། བོད་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་དགོས་པའི་སྐོར་སོགས་ཀྱི་<༢༠༢༠ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར>་ལ་ཨ་རིའི་སྲིད་འཛིན་ཊོམ་མཆོག་གིས་མཚན་རྟགས་བསྐྱོན་ནས་ད་ལྟ་དངོས་སུ་ཁྲིམས་གཞི་ཆགས་ཡོད་འདུག

དེར་བརྟེན། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་ཁྲིམས་གཞི་དེ་དང་འབྲེལ་བའི་མི་སྣ་ཚང་མར་ཐུགས་རྗེ་ཆེ་ཞུས་འདུག ཁྲིམས་གཞི་དེ་དང་འབྲེལ་བའི་ཐོག་ཁོང་གིས་གསུང་དོན། ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་པ་དེས་བོད་ནང་གི་བོད་མི་ཚོར་རེ་བ་གསར་པ་ཞིག་དང་དྲང་བདེན་བསྐྲུན་ཡོད་པ་མ་ཟད། ཨ་རིའི་གཞུང་གི་ངོས་ནས་བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་གི་ཐོབ་ཐང་། བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་སྔར་ལྷག་རྒྱབ་སྐྱོར་དང་སྲུང་སྐྱོབ་གནང་བ་མཚོན་གྱི་ཡོད། ཅེས་དང་།

བོད་མིའི་སྒྲིག་འཛུགས་དང་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ངས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་གནང་བ་དང་། ཨ་རིའི་གྲོས་ཚོགས་ནས་ཁྲིམས་འཆར་དེ་སྤྱི་མོས་ཐོག་གཏན་འབེབས་གནང་བ། ལྷག་པར་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཁར་ཌིན་ (Ben Cardin) མཆོག ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་ (Chris Smith) མཆོག་སོགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ངོ་སྤྲོད་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེ་ཡང་། ཁྲིམས་གཞི་འདི་ནི་ཕྱི་ལོ་༢༠༠༢་ལོའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་ (Tibet Policy Act of 2002) གཞིར་བཞག་ཐོག་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་ཡིནབ་པ་དང་། འདི་ད་ལྟ་ཨ་རིའི་གཞུང་གི་གཞུང་འབྲེལ་སྲིད་བྱུས་ཤིག་ཆགས་ཡོད་འདུག ཁྲིམས་འཆར་འདི་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་གིས་ངོ་སྤྲོད་གནང་ཡོད། དེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་འདི་ལོའི་ཟླ་༡་པའི་ཉིན་༢༨་ཉིན། གྲོས་ཚོགས་འཐུས་མི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་གནང་རྗེས། གྲོས་ཚོགས་གོང་མའི་ཕྱི་སྲིད་སྡེ་ཚན་ལ་བཏང་ཡོད་འདུག འདི་ལོའི་ཟླ་༡༢་ཚེས་༢༡ཉིན། གྲོས་ཚོགས་གོང་མ་ནས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་གནང་འདུག དེ་ནས་ཟླ་འདིའི་ཚེས་༢༧་ཉིན། ཨ་རི་སྲིད་འཛིན་ཊོམ་མཆོག་གིས་དངོས་སུ་མཚན་་རྟགས་བསྐྱོན་ནས་ཁྲིམས་ཆགས་ཡོད་འདུག

ཁྲིམས་གཞི་འདིའི་ནང་དོན་གཙོ་བོ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ། ཨ་རིའི་གཞུང་གིས་འབྲེལ་ཡོད་ལས་བྱེད་དེ་དག་ལ་དམ་དྲག་བཀའ་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ། དེ་བཞིན། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་དགོས་པའི་འབོད་སྐུལ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་མ་ཐུབ་བར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་ཚབ་ཁང་གསར་པ་ཨ་རིའི་ནང་འཛུགས་པར་བཀའ་འཁྲོལ་གནང་མི་ཆོག་པ། བོད་མིའི་སྒྲིག་འཛུགས་དང་དེའི་འགོ་ཁྲིད་སྲིད་སྐྱོང་མཆོག་ངོས་འཛིན་གནང་ཡོད་པ། ད་དུང་། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ་དང་། ཨ་རིའི་མི་སེར་དང་བཟོ་ཚོང་ཁང་སོགས་ཀྱིས་བོད་ནང་ཚོང་ལས་གཉེར་དགོས་ཚེ། རྒྱལ་ཚོགས་ཀྱིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལམ་སྟོན་གནང་བ་ཁག་ལ་སྲུང་བརྩི་ཞུ་དགོས་པ་བཅས་ཡིན་འདུག

ད་དུང་ཁྲིམས་འཆར་འདིར་གསལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སའི་ས་ཁུལ་གཞན་གྱི་བོད་མི་ཚོའི་ཆེད་དུ་ཨ་སྒོར་ས་ཡ་བརྒྱད་དང་། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཚོའི་ཆེད་དུ་ཨ་སྒོར་ས་ཡ་དྲུག བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་དང་། མང་གཙོ། འཛིན་སྐྱོང་བཅས་ཚགས་ཚུད་དང་། ཉམས་ཞིབ་སོགས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་གསུམ། བོད་དང་བོད་མིའི་གནས་ཚུལ་མཁོ་གཏོང་བྱེད་བཞིན་པའི་ཨ་རིའི་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་གསུམ་དང་ཁྲི་བཞི། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་བཞི། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་གཅིག་བཅས་རོགས་དངུལ་བཀའ་འཁྲོལ་གནང་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།