25
Thu, Apr

བཀའ་ཟུར་བློ་བཟང་སྙན་གྲགས་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༡༥་ཉིན། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་བདེན་པ་དང་། འཆམ་མཐུན། མཉམ་ཁྲིད་བཅས་ཀྱིས་འབོད་སྒྲ་བསྒྲགས་ནས་སྲིད་སྐྱོང་འོས་མར་བཞེངས་འདུག

དེ་ཡང་། གོང་ཚེས་ཉིན། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་ཁོང་གིས་དྲ་ཚིགས་བརྒྱུད་ནས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་བཞེང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག ཁོང་གིས་གཞི་རིམ་གྱི་ལྟ་གྲུབ་གསུམ་ནི། བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་མཐའ་གསལ་བ་དང་། མི་རིགས་ཀྱི་ཆེ་མཐོང་སླར་གསོ་ཐུབ་པར་ཆོལ་གསུམ་བོད་མིའི་མཐུན་སྒྲིལ་གོང་བུ་རི་ལྟར་སྲ་བརྟན་དགོས་ཤིང་། མཐུན་སྒྲིལ་དེ་དག་རྒྱུན་གནས་ཐུབ་པའི་རྩ་བ་ནི་མང་གཙོའི་སྒྲིག་འཛུགས་དེ་ཡིན་པ་ལྟར། སྒྲིག་འཛུགས་དེ་ལམ་ལྷོང་ཡོང་བར་བོད་མིའི་བློ་གཏད་དང་ཡིད་ཆེས་བྱེད་སའི་བོད་མིའི་སྒྲིག་འཛུགས་དེ་བཞིན་དྲང་བདེན་དང་། མི་མང་འཆམ་མཐུན་ངང་མཉམ་ཁྲིད་ཐུབ་པ་ཞིག་དགོས་པར་ངོས་འཛིན་བྱེད་པའི་ཐོག་ནས། ངོས་ཀྱི་ལས་དོན་བྱེད་སྒོའི་ལྟ་གྲུབ་གསུམ་ཡོད་པ་དེ་དག་ནི་བདེན་པ་དང་། འཆམ་མཐུན། མཉམ་ཁྲིད་བཅས་ཡིན་པས། བོད་མིའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་སྒྲུབ་སྐབས་ལྟ་གྲུབ་གསུམ་གཙོ་བཟུང་བྱ་རྒྱུ་ཡིན། ཞེས་འཁོད་འདུག

སྲིད་སྐྱོང་གི་འོས་མི་ལང་རྒྱུའི་ཐག་གཅོད་བྱེད་དགོས་དོན་ནི། རང་ཉིད་ནས་ཀྱང་ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་གཉན་འཕྲང་གི་དུས་ཚོད་ངོས་འཛིན་གྱིས། ཕྱི་ལོ་ ༢༠༢༡ གི་སྲིད་སྐྱོང་གི་འོས་མི་ལང་རྒྱུའི་ཐག་གཅོད་བྱས་པ་ཡིན། སྲིད་སྐྱོང་གི་འགན་འཁུར་ནི་ལས་སླ་པོ་ཞིག་མིན་པར། དེ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ནས་བརྩི་བཀུར་ཞུ་བཞིན་པའི་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་དེ་ཡིན་པ་དང་། དེ་ལྟ་བུའི་ལས་འགན་ལྗི་པོ་ཞིག་སྒྲུབ་པར་ཕྱིན་ནང་ཆབ་སྲིད་འཛིན་སྐྱོང་གི་ཉམས་མྱོང་དང་། ལྷག་བསམ་ལྡན་པའི་མི་ཞིག་དགོས་ཀྱི་ཡོད་པ་རེད། རང་ཉིད་ཀྱི་འདས་པའི་མི་ལོ་༣༠ རིང་གི་ཉམས་མྱོང་ལ་མཚོན་ན། ༧གོང་ས་མཆོག་གི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་ཞུས་པའི་བརྒྱུད་རིམ་ནང་། ཨ་མི་རི་ཀའི་གཞུང་དང་གྲོས་ཚོགས་འཐུས་མི་གཙོས་པའི་ཆེས་མཐོའི་མི་སྣར་བོད་དོན་འབྲེལ་འཐུད་ ཞུས་པའི་ཉམས་མྱོང་མི་དམན་པ་ཞིག་བསག་རྒྱུའི་གོ་སྐབས་དང་། དེའི་གོང་དཔལ་ལྡན་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཛིན་སྐྱོང་གནང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནང་དཔལ་འབྱོར་དང་ཕྱི་དྲིལ། འཕྲོད་བསྟེན་བཀའ་བློན་བྱས་ཏེ་རང་ནུས་གང་ཡོད་ཀྱིས་གལ་ཆེའི་ལས་དོན་སྣེ་མང་ཞིག་ལ་འགན་འཁུར་གྱིས་ཐུགས་ཕན་གསོ་བའི་ལས་དོན་གྲུབ་འབྲས་མི་ཆུང་བ་ཞིག་བཞག་ཐུབ་པ་བྱུང་སྙམས་པའི་སྤོབས་པ་ཡང་ཡོད། ཕྲན་ནས་མི་ལོ་ ༣ ༠ ལྷག་རིང་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ལས་འཁུར་གྱིས་གཞི་རིམ་མང་ཚོགས་ཁྲོད་སྤྱི་ཚོགས་ཀྱི་ལས་འཁུར་འགོ་འཛུགས་ཀྱིས་རིམ་པས་བཀའ་བློན་དང་སྤྱི་འཐུས་སུ་འདེམས་ཐོན་གྱིས་ཞབས་ཕྱི་ཞུ་རྒྱུ་བྱུང་བ་མང་པོས་ཤེས་ཀྱི་ཡོད་པར། ངོས་ནས་རང་གི་ལས་དོན་འགན་འཁུར་ནང་དུས་དང་རྣམ་པ་ཀུན་ཏུ་བོད་དང་བོད་མིའི་ཁེ་ཕན་གཙོ་བཟུང་གིས་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཞུ་བསྒྲུབ་དང་སྒྲུབ་བཞིན་ཡོད།

རང་ཉིད་ནས་ལས་དོན་འགན་འཁུར་ཞུས་པའི་ནང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བྱས་ཏེ་རྒྱལ་སྤྱིའི་གླེང་སྟེགས་ཁག་གི་ཐོག་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩོད་ལེན་གྱིས་གནས་སྟངས་ཡར་རྒྱས་ཡོང་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་བྱུང་བ་མ་ཟད། ཨ་རི་བོད་ཀྱི་ཐེབས་རྩའི་ཚོགས་གཙོ་དང་འགན་འཛིན་གྱི་འགན་འཁུར་ཐོག་རང་རེའི་སྤྱི་ཚོགས་ཀྱི་ལས་འཆར་དགོས་མཁོ་མང་དག་ཅིག་ལ་རོགས་དངུལ་ཐབས་འཚོལ་བྱ་རྒྱུའི་གོ་སྐབས་བྱུང་། འབྱུང་འགྱུར་གྱི་ལོ་བཅུའི་དུས་ཡུན་དེ། རང་རེ་བོད་མིའི་རྩ་དོན་ལ་ཆེས་གཉན་འཕྲང་གི་དུས་ཚོད་ཅིག་ཆགས་ཀྱི་ཡོད་པ་དང་། ད་ལྟའི་དུས་སུ་བོད་ནང་མཚོན་ན། བོད་མི་ཚོས་བློས་གཏོང་ཆེན་པོ་བྱས་ཏེ་མཐར་རང་གི་སྐུ་ལུས་མེ་བསྲེག་བཏང་སྟེ་བོད་ཀྱི་བདེན་དོན་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་མ་ཟད། ༧གོང་ས་མཆོག་ཞལ་མཇལ་གསུང་ཐོས་པའི་བསྐལ་བཟང་གི་གོ་སྐབས་དེ་ངང་སྒུག་བྱེད་བཞིན་ཡོད་པས། དེ་ལྟར་ཡོང་བར་ང་ཚོས་རྒྱ་ནག་དང་བོད་དོན་དཀའ་ཪྙོག་སེལ་དགོས་པ་དེ་ནི་གནད་གྱི་གཙོ་བོ་དེ་འགྱུར་ཡོད་པ་རེད། ལས་དོན་དེ་ལས་སླ་པོ་ཞིག་མིན་ལ། མི་རེ་གཉིས་ཤིག་གིས་བྱས་ཐུབ་པའི་ལས་དོན་ཞིག་མིན་པར། དེའི་ཐད་མང་ཚོགས་ཡོངས་ཀྱི་ནུས་པ་མཉམ་དཔུང་བྱ་དགོས་པ་ཞིག་ཡིན། ལས་དོན་སྣེ་ཁྲིད་བྱེད་མཁན་གྱི་འགན་འཁྲིད་ཀྱང་ཉམས་མྱོང་དང་འཇོན་ཐང་ཅན་ཞིག་དགོས་ཀྱི་ཡོད་པས། གལ་ཏེ་མང་ཚོགས་ནས་ངོས་ལ་རྒྱབ་སྐྱོར་དང་ཡིད་ཆེས་གནང་བ་ཡིན་ན། རང་ཉིད་ནས་ལས་དོན་དེའི་འགན་འཁུར་ལྷག་བསམ་རྣམ་དག་གི་དྲང་བདེན་ངང་ཞབས་ཞུ་སྒྲུབ་རྒྱུ་ཡིན། ངས་རྣམ་པ་ཚོར་གུས་པར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་ཡི་ཡོད་ལ། རང་གི་ངོས་ནས་གལ་ཏེ་སྲིད་སྐྱོང་ལ་འོས་འདེམས་བྱུང་བ་ཡིན་ན། འཛིན་སྐྱོང་གི་ལས་དོན་དྲང་པོ་དང་ཕྱི་གསལ་ནང་གསལ ། མི་མང་མཉམ་འཁྲིད་་ཀྱི་ཐོག་ནས་སྐྱོང་རྒྱུའི་ཁས་ལེན་གཙང་མ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

སྒྲུབ་བྱའི་དམིགས་ཡུལ་གསུམ།

༡༽ བོད་ཀྱི་བདེན་མཐའ་གསལ་ཐབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་མང་ཚོགས་ཀྱི་མངོན་འདོད་གཙོ་བོར་བཟུང་ནས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བསྐྱར་མཐུད་ཀྱིས་བོད་ཀྱི་དཀའ་ཪྙོག་སེལ་ཐབས་འབད་བརྩོན་ལྷོད་མེད་ཞུ་རྒྱུ།

༢༽ ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། བོད་མི་རིགས་ཀྱི་ངོ་བོ་དང་མཚོན་རྟགས། བོད་རྒྱའི་དཀའ་ཪྙོག་སེལ་བ་ལ་ལྡེ་མིག་ལྟ་བུར་ཡོངས་གྲགས་ངོས་འཛིན་ཡོད་ཅིང་། ལྷག་པར་དུ་༧གོང་ས་མཆོག་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ཁེ་ཕན་ལའང་ཐད་ཀར་འབྲེལ་བ་ཡོད་པའི་ཐོག་བོད་ཀྱི་བྱུང་རབས་ལོ་རྒྱུས་དང་ནམ་ཡང་ཁ་བྲལ་ཐབས་མེད་པར་སོང་། ༧གོང་ས་༧སྐུ་ཕྲེང་རིམ་བྱོན་གྱི་རྒྱུན་སྲོལ་སྒྲིག་འཛུགས་འདི་བཞིན་མི་རབས་ནས་མི་རབས་བར་སྲ་བརྟན་རྒྱུན་གནས་ཡོང་བར་འབད་བརྩོན་ཞུ་རྒྱུ།

༣༽ བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་གོང་འཕེལ། བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་སྲུང་སྐྱོབ་ཐུབ་པར་བོད་མིའི་མང་གཙོ་ཀ་བ་གསུམ་སྟེ་འཛིན་སྐྱོང་བཀའ་ཤག་དང་། གྲོས་ཚོགས། ཁྲིམས་ཞིབ་ཁང་གཙོ་བོར་གྱུར་པའི་རང་དབང་ཅན་གྱི་སྡེ་ཚན་ཁག་བཅས་སྒྲིག་འཛུགས་མཐའ་དག་སྲ་བརྟན་གོང་འཕེལ་གཏོང་ཐབས་དང་། དེ་དག་ཕན་མཚུན་དབར་དབང་ཚད་དང་། ཆེ་མཐོང་། བརྗིད་མཉམ་སྟངས་འཛིན་སོགས་ལ་བརྩི་བཀུར་གྱིས་བོད་མིའི་གཞི་རིམ་གྱི་རང་དབང་སྲུང་སྐྱོབ་དང་། ཁྲིམས་ཀྱི་དབང་སྒྱུར་ཚད་ལྡན་ཡོང་བར་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་ཟུར་བློ་བཟང་སྙན་གྲགས་༢༠༢༡་ལོའི་སྲིད་སྐྱོང་ཞེས་པའི་དྲ་ཚིགས་ཐོག་ཏུ་བཀོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།