28
Sun, Apr

༸གོང་ས་མཆོག་གི་རྒྱལ་ཚོགས་ཀྱི་རྡུལ་ཕྲན་གོ་མཚོན་བཀག་སྡོམ་གྲོས་དོན་ཐོག་གསུང་འཕྲིན།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༢༦ཉིན། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༥༠་ཡིས་ཉིང་རྡུལ་ཕྲན་གོ་མཚོན་བཀག་སྡོམ་གྲོས་དོན་དེ་ལོ་རྗེས་མའི་ཟླ་དང་པོ་ནས་ལག་བསྟར་བྱ་རྒྱུ་ཡིན་པའི་ཐད། ༸གོང་ས་མཆོག་གིས་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་བསྩལ་འདུག

དེ་ཡང་། ༸གོང་ས་མཆོག་གི་གསུང་འཕྲིན་ནང་དུ། རྡུལ་ཕྲན་གོ་མཚོན་གཏན་མེད་དུ་བཟོ་དགོས་པར་འདོད་མཁན་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ལྔ་བཅུས་རྡུལ་ཕྲན་གོ་མཚོན་བཀག་སྡོམ་གྱི་གྲོས་མཐུན་གནང་སྟེ་རྒྱལ་སྤྱིའི་ཁྲིམས་ཡིག་ཏུ་གཏན་འབེབས་ཀྱིས། ལོ་རྗེས་མའི་ཟླ་བ་དང་པོ་ནས་དངོས་སུ་ལག་བསྟར་བྱེད་འཆར་ལ་དགའ་བསུ་ཞུ་རྒྱུ་དང་། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་དང། འབྱུང་འགྱུར་འགྲོ་བ་མི་རྣམས་ལ་ཞི་བདེ་ལྷིང་འཇགས་ཡོང་བའི་མངོན་རྟགས་བཟང་པོ་ཞིག་དང་། ལེགས་ཉེས་རྣམ་དཔྱོད་ཕུལ་དུ་བྱུང་བའི་སྒོ་ནས་དཀའ་རྙོག་རྣམས་སེལ་ཐབས་སུ་དམིགས་པའི་བཟང་ཕྱོགས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན། ཞེས་གསུངས་འདུག

རྡུལ་ཕྲན་གོ་མཚོན་གྲོས་མཐུན་གཏན་འབེབས་འདི་ལ་བརྟེན་ནས་འཛམ་བུ་གླིང་འདིའི་ནང་དོན་དམ་པའི་ཞི་བདེ་ཞིག་འབྱུང་རྒྱུ་དང་། རྡུལ་ཕྲན་གྱི་ཉེན་ཁ་ལས་གྲོལ་ཐུབ་པར་ཕན་ཐོགས་རྒྱ་ཆེར་ཡོང་ངེས་པ་དང་། ད་ལྟའི་ང་ཚོའི་མི་རབས་འདི་འགྲོ་བ་མིའི་ལོ་རྒྱུས་ནང་གི་དུས་རབས་གསར་པ་ཞིག་ཏུ་འཇུག་རྒྱུའི་དུས་མཚམས་ཤིག་ལ་སླེབས་ཡོད་པར་མཐོང་གི་འདུག །ང་ཚོ་ཚང་མ་ཕན་ཚུན་ལྟོས་ནས་གནས་ཡོད་པའི་ཆ་ནས་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་འདི་ངེས་པར་ཞི་མཐུན་གྱི་ངང་མཉམ་གནས་ཡོང་ཐབས་བྱེད་དགོས། ངོས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་དོ་ཁུར་ལྡན་པའི་ཚོགས་མི་རྒྱལ་ཁབ་ཁག་གིས་གྲོས་མཐུན་འདི་ཉིད་ལག་བསྟར་ཡོང་ཐབས་བྱེད་རྒྱུར་སྐུལ་མ་ཞུ་གི་ཡོད། འདི་ནི་འགྲོ་བ་རྣམས་གཞི་རྩའི་ཆ་ནས་གཅིག་གྱུར་ཡིན་པར་ངོས་ཟིན་པ་ལ་བརྟེན་ནས་བྱུང་བའི་ལས་དོན་བཟང་པོ་ཞིག་ཡིན།

འགྲོ་བ་མིའི་མ་འོངས་པའི་བདེ་དོན་ཆེད་བཟང་ཕྱོགས་ཀྱི་ལམ་དུ་བསྐྱོད་པ་ལྟ་བུ་ཞིག་ཡིན་མོད། མཐར་ཐུག་གི་དམིགས་ཡུལ་ནི་འཛམ་གླིང་ཁྱོན་ཡོངས་གོ་མཚོན་མེད་པ་ཞིག་ཡོང་ཐབས་བྱ་རྒྱུ་དེ་ཡིན། གལ་ཏེ་འཆར་གཞི་ཚད་ལྡན་ཞིག་འདིང་བ་དང་། དེ་ལ་བརྟེན་ནས་འགྲོ་བ་མི་སོ་སོར་ཁེ་ཕན་ཡོད་པ་ཤེས་ཐབས་ཀྱི་ལམ་སྟོན་བྱུང་ན་གོ་མཚོན་མེད་པའི་འཛམ་གླིང་ཞིག་ཡོང་རྒྱུ་ནི་ངེས་པར་འགྲུབ་ཏུ་རུང་བའི་ལས་དོན་ཞིག་ཡིན་པར་མཐོང་གི་འདུག རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་སྐུལ་སློང་གི་གོམ་པ་སྤོས་འགོ་བཙུགས་ཟིན་པའི་ཆ་ནས་མཐར་གོ་མཚོན་གཏན་ནས་མེད་པའི་འཛམ་བུ་གླིང་ཞིག་བསྐྲུན་ཐུབ་ངེས་པ་ཡིན།

རྡུལ་མཚོན་མེད་པའི་ཞི་བདེ་ལྷིངས་འཇགས་ཤིག་ཡོང་རྒྱུ་ནི་འགྲོ་བ་མི་ཚང་མའི་མངོན་འདོད་ཡིན་ཞིང་། ད་ལྟའི་དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ཕན་ཚུན་བསམ་ཤེས་དང་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཡིན་པས། འཛམ་བུ་གླིང་འདིའི་ནང་རང་རེ་ཚང་མ་བདེ་སྐྱིད་ལྡན་པའི་ངང་གནས་ཐུབ་པ་ཞིག་ཡོང་བའི་ཆེད་གོ་སྐབས་འདི་བརྒྱུད་རྒྱལ་ཁབ་ཚང་མས་གྲོས་མཐུན་འདི་ཉིད་ཕྱར་གྲུ་མཉམ་འདེགས་ཀྱིས་ལག་བསྟར་བྱེད་རྒྱུར་སྐུལ་མ་ཞུ་བཞིན་ཡོད། ཅེས་གསལ་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།