19
Sun, May

ཕྱི་ལོ་༢༠༢༤ ཟླ་༥ ཚེས་༣ ཉིན། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་རྡ་ས་ཁུལ་གྱི་གསར་འགོད་རྣམས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༥ ཚེས་༣ ཉིན། བཞུགས་སྒར་རྡ་སར་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་དང་འབྲེལ་རྒྱ་གཞུང་ལ་དགོས་འདུན་ཁག་ཅིག་བཏོན་སོང་། དེའི་ནང་ནས་རྒྱལ་སྤྱིའི་གསར་འགོད་པ་དང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གསར་འགོད་པ་རྣམས་རང་དབང་གི་ཐོག་ནས་བོད་ནང་དུ་བསྐྱོད་བཅུག་སྟེ་བོད་ནང་གི་བོད་མིའི་དངོས་ཡོད་ཀྱི་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་འགྲེལ་བརྗོད་ཞུ་ཆོག་དགོས་དང་། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མང་གཙོའི་རྒྱལ་ཁབ་ཧྥ་རན་སིར་ཡོང་བར་མཐའ་གཅིག་ཏུ་ངོས་ལེན་མེད། ཅེས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠ པའི་ཐོག བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་གོ་སྒྲིག་འོག རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། རྡ་ས་ཁུལ་གྱི་གསར་འགོད་རྣམས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་ཞུས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བསྟན་འཛིན་ལེགས་བཤད་དང་། གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམས་མཉམ་ཞུགས་གནང་འདུག

ཐོག་མར། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་སྦྱིན་པ་ལགས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་འབྲེལ་ནས་བསྒྲགས་གཏམ་ཞིག་སྤེལ་སོང་། ཁོང་གིས་བརྗོད་དོན། དེ་རིང་ནི་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༥ ཚེས་ ༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་གཏན་འབེབ་སྲུང་གཙི་བྱས་ནས་ལོ་ངོ་༣༡ འཁོར་བའི་ཉིན་མོ་ཡིན་ཞིང་། ང་ཚོ་བཙན་བྱོལ་དུ་ཕྱི་ལོ་ ༡༩༩༧ ལོར་བོད་ཀྱི་གསར་འགོད་མཐུན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༧ འཁོར་ཡོད། དེ་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་ནས། ང་ཚོས་འཛམ་གླིང་གི་སྲིད་གཞུང་ཁག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་མི་སྒེར་བ་བཅས་ཀྱི་དྲང་བདེན་མིན་པ་དང་དབང་ཆ་ལོག་སྤྱོད། ལྐོག་ཟ་རུལ་སུངས། དྲག་གནོན་དང་འཇིགས་སྐུལ། ཧམ་ཤེད་སོགས་ལ་གདོང་ལེན་གནང་བཞིན་པ་དང་འཛམ་གླིང་གི་མི་ཚང་མར་གསར་འགྱུར་ལས་རིགས་ཀྱི་ཐོག་ནས་དངོས་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱི་གསར་འགོད་པ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན། ཕྱི་ལོ་ ༡༩༩༣ ནས་དེ་རིང་བར་འཛམ་གླིང་ཁྱོན་ཡོངས་སུ་གཡུ་ས་དང་སྲིད་དབང་སྒེར་གཅོད། ལྐོག་ཟ་རུལ་སུངས་སོགས་ཀྱི་ཁ་གཏད་དུ་ལངས་མཁན་གསར་འགོད་པ་ཁྱོན་༡༦༦༨ རྐྱེན་འདས་སུ་བཏང་བ་གསལ་ལ། རྒྱ་ནག་གཞུང་གིས་ད་བར་གསར་འགོད་པ་༡༢༧ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཏེ། གར་སོང་ཆ་མེད་དུ་གྱུར་བ་དང་ན་མནར་གྱིས་དབང་གིས་འདས་གྲོངས་སུ་ཕྱིན་པ་སོགས་བྱུང་ཡོད་སྟབས། དེ་རིང་འཛམ་གླིང་གསར་འགོད་རང་དབང་ཉིན་མོར། ང་ཚོས་འདས་གྲོངས་སུ་གྱུར་བའི་འཛམ་གླིང་གི་གསར་འགོད་པ་ཡོངས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ལྷག་པར་དུ་ད་ལྟ་འཛམ་གླིང་ནང་དྲང་བདེན་མིན་པའི་ཁྲིམས་ཆད་ཕོག་པ་དང་། བཙོན་འཇུག་མནར་གཅོད་འོག་ཡོད་པའི་གསར་འགོད་པ་ཁྱོན་༣༢༠ ཡོད་པ་ཚང་མ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།

དེ་རིང་ང་ཚོས་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་བྱེད་བཞིན་ཡོད་པ་འདི། ང་ཚོ་སྐྱབས་བཅོལ་གྱི་གནས་སྟངས་འོག་ཡོད་ཀྱང་། ང་ཚོས་གསར་འགོད་རང་དབང་དང་འདྲ་མཉམ། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་སྲུང་སྐྱོབ་བྱེད་བཞིན་ཡོད་པས། ཉིན་མོ་འདི་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་དུ་བརྩི་ཆོག་པ་ཡིན། རྒྱ་ནག་ནང་དེ་ལས་ལྡོག་སྟེ་གསར་འགོད་ རང་དབང་ཉིན་མོ་སྲུང་གཙི་ཕར་ཞོག་གསར་འགོད་རང་དབང་རྩ་བ་ཉིད་ནས་མེད་ལ། ད་ལྟ་ཞི་ཅིན་ཕིན་གྱི་དབང་སྒྱུར་འོག་རྒྱ་ ནག་ནང་གསར་འགོད་རང་དབང་སྤུ་ཙམ་ཡང་མེད་ཅིང་། མུ་མཐུད་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་། འགྲོ་བ་ མིའི་ཐོབ་ཐང་སོགས་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོ་གཞི་བཞག་བྱས་ན། རྒྱ་ནག་ནི་བྱང་ཀོ་རི་ཡ་ཕུད་རྗེས་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་དང་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཆེ་ཤོས་དེ་ཡིན་པ་གསལ་སྟོན་བྱས་ཡོད་ལ། འཛམ་གླིང་ནང་རང་དབང་དང་མང་གཙོ་ལ་དགའ་བའི་མི་རྣམས་ཀྱིས་ཡོངས་གྲགས་ཐོག་ནས། རྒྱ་ནག་གི་གསར་ཁང་དག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་པ་དང་རྣ་བ་ཡིན་པར་ཤོད་ཀྱིན་པ་བཞིན་དུ། ད་ལྟ་ཞི་ཅིན་ཕིན་གྱི་སྲིད་དབང་སྒེར་གཅོད་འོག རྒྱ་ནག་གི་གསར་འགོད་པ་ཚོ་གསར་འགོད་པ་ཆགས་པ་ནས་ཚང་མས་ ༼ཞི་ཡི་བསམ་བློའམ་དགོངས་པ ༽ ཟེར་བའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་ཆུ་ཚོད་༩༠ རིང་སློབ་སྦྱོང་བྱེད་ དགོས་ཀྱི་ཡོད་པ་ལྟར། བོད་ནང་གི་གསར་འགོད་པ་དག་ལའང་རང་དབང་མེད་ཅིང་དོགས་ཟོན་འཇིགས་སྐུལ་འོག་གནས་ཡོད་པའི་ཁར། གོང་རིམ་གྱིས་བཀོད་མངགས་ཅི་བྱས་ནང་ལྟར་གསར་འགོད་བྱེད་དགོས་པ་མ་ཟད། བོད་ནང་གི་གསར་འགོད་པ་མང་དག་ ཅིག་བོད་ཕྱི་ནང་གཉིས་སུ་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་བྱེད་མཁན་གྱི་ལག་ཆར་བཀོལ་སྤྱོད་བྱེད་བཞིན་པ་སོགས་ ནི་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་ལས་མ་འདས། ཞེས་སོགས་དང་།

ཁོང་གིས་མུ་མཐུན་ནས་བརྗོད་དོན། ང་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣ ཉིན་ནས་དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༣ བར་བོད་ནང་དུ། རྒྱལ་ཁབ་ཁ་བྲལ་ཟེར་བ་དང་བོད་དོན་གནས་ཚུལ་བརྒྱུད་སྐུར་བྱས་པ། ༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་སོགས་ཉེས་མེད་ཀྱི་ནག་ཉེས་འདྲ་མིན་གཡོགས་ཏེ། བོད་མི་ཁྱོན་ ༥༨ ལྷག་འཛིན་བཟུང་བཙོན་འཇུག་བྱས་པ་དང་བོད་མི་༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ། དེ་བཞིན་བོད་མི་ ༤ རྒྱ་ནག་གི་བཙོན་འཇུག་མནར་གཅོད་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་པས། ང་ཚོས་དེ་རིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་བཞི་འདོན་རྒྱུ་ཡིན། གཅིག རྒྱ་ནག་གཞུང་གིས་༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང༌། རྒྱའི་བཙོན་ཁང་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་མ་རྣམས་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས། གཉིས། རྒྱལ་སྤྱིའི་གསར་འགོད་པ་དང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གསར་འགོད་པ་རྣམས་རང་དབང་གི་ཐོག་ནས་བོད་ནང་དུ་ བསྐྱོད་བཅུག་སྟེ་བོད་ནང་གི་བོད་མིའི་དངོས་ཡོད་ཀྱི་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་འགྲེལ་བརྗོད་ཞུ་ཆོག་དགོས། གསུམ། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་སླར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་མགྱོགས་མྱུར་སེལ་དགོས། བཞི། རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ཟེར་བ་མཚམས་འཇོག་བྱས་ཏེ། བོད་ཀྱི་བྱིས་པ་ཚོར་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཁྲིམས་ནང་གསལ་ལྟར། སོ་སོའི་སྐད་ཡིག་རིག་གཞུང་ལ་སློབ་སྦྱོང་བྱེད་པ་དང་གཅེས་སྤྲས་བྱེད་པའི་ཐོབ་ཐང་སྤྲོད་དགོས། ལྔ། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གསར་འགོད་རང་དབང་ལྡན་ཞིང་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ལ་གུས་རྩིས་བྱེད་པའི་མང་གཙོའི་རྒྱལ་ཁབ་ཧྥ་རན་སིར་ཡོང་བར་མཐའ་གཅིག་ཏུ་ངོས་ལེན་མེད། ཅེས་བརྗོད་སོང་།

དེ་ནས་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་དྲ་ཚིགས་གསར་པ་དབུ་འབྱེད་དང་གསར་འགོད་པ་གནང་མཁན་རྒན་ཤོས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་བསྟན་འཛིན་པད་སྒྲོན་ལགས་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་གནང་སོང་། དེ་ནས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་བོད་ཀྱི་གསར་འགོད་རང་དབང་དང་ལས་འགན་སོགས་ཀྱི་ཐོག་ནས་བགྲོ་གླེང་ཅིག་ཚོགས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།