26
Fri, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ལོའི་ཟླ་༡་ཚེས་༤་ཉིན། བཞུགས་སྒར་རྡ་ས་ནས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གི་ཐོག་ནས། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་། ལུས་འགུལ་འདི་ཉིད་ནི། རྒྱ་ནག་དམར་ཕྱོགས་ཚོགས་པས་བཙན་གནོན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པར་མ་ཟད། རྒྱལ་སྤྱི་ཁྱོན་ཡོངས་ལའང་ཉེན་ཁ་བཟོ་བཞིན་ཡོད་སྟབས། དེ་རིང་གི་ཉིན་མོ་འདིར་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་སོག རྒྱ་ནག ཐེ་ཝན་བཅས་ཀྱི་ལས་འགུལ་བ་རྣམས་མཉམ་འབྲེལ་གྱིས་འཛམ་གླིང་ཡོངས་སུ་སྤེལ་བཞིན་པའི་རྒྱལ་སྤྱིའི་ལས་འགུལ་ཞིག་ཆགས་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༡་ཐོག རྡ་སའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་ནས། ཕྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་འཛམ་གླིང་ས་ཆ་གང་སར་ བོད་དང༌། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་སོག རྒྱ་ནག་གི་མང་གཙོ་དོན་གཉེར་བ། ཐེ་ཝན་བཅས་ཀྱི་ལས་འགུལ་བ་རྣམས་ཀྱིས་མཉམ་འབྲེལ་ཐོག་ནས་རྒྱལ་སྤྱིའི་ལས་འགུལ་ཉིན་མོ་དེར་མཉམ་ཞུགས་བྱས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡི་ཐུན་མོང་གི་བསྒྲགས་གཏན་ནང་དུ་འཁོད་དོན། དེ་རིང་གི་ཉིན་མོ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་དང་དབང་བསྒྱུར་འོག་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་སོགས་ལ་བརྟེན་ནས་ང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། བོད་མི། ཡུ་གུར་བ། ཧོང་ཀོང་། ལྷོ་སོག ཐེ་ཝན་བཅས་དང་མཉམ་འབྲེལ་ཐོག ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩལ་རྩེད་འགྲན་ཚོགས་རྒྱུར་ངོ་རྒོལ་བྱེད་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཚབས་ཆེ་བའི་མཚམས་འདིར་ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌། ཨོ་གླིང་ཕིག་རྩེད་རིག་ཚོགས་ཆུང་། ཨོ་གླིང་ཕིག་གི་སྦྱིན་བདག་དང་བཅས་པ། དེ་བཞིན་དམངས་གཙོ་དང་རང་དབང་ལ་དགའ་ཞེན་ཡོད་པའི་མི་ཚང་མས་ད་ཐེངས་ཀྱི་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་མི་བྱ་རྒྱུའི་དགོས་འདུན་འདོན་བཞིན་ཡོད། ཅེས་དང་།

བོད་ནང་གི་གནས་སྟངས་ནི་ཉིན་རེ་ནས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། རྒྱལ་སྤྱིའི་རང་དབང་ལྷན་ཁང་ནས་བརྟག་དཔྱད་བྱས་པའི་སྙན་ཐོའི་ནང་འཁོད་པར་གཞིགས་ན། བོད་ནང་གི་གནས་སྟངས་དེ་སི་རི་ཡ་དང་ཤར་ཏུར་ཀི་སི་ཐན་ནང་བཞིན་རང་དབང་ཉུང་ཤོས་ཀྱི་གནས་སྟངས་འོག་ལུས་ཡོད་པ་གསལ་སྟོན་བྱས་ཡོད། ཤར་ཏུར་ཀི་སི་ཐན་ནང་ས་གནས་དེ་གའི་ཡུལ་མི་ས་ཡ་༡.༨ ནས་ས་ཡ་༣ བར་ཉེས་མེད་བཙན་བཟུང་བྱས་ཏེ་ངལ་རྩོལ་སློབ་གསོ་ར་བའི་ནང་བཅུག་ནས་ཆབ་སྲིད་སློབ་གསོ་དང་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད། ཧོང་ཀོང་ལ་ཆ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་གཞོན་སྐྱེས་རང་དབང་རྩོད་ལེན་པ་ཚོས་དམངས་གཙོའི་འབོད་སྒྲ་བསྒྲགས་པ་ཙམ་གྱིས་མི་སྣ་སྟོང་ཕྲག་མང་པོ་འཇུ་བཟུང་བྱས་ཡོད་པ་དང༌། རྒྱ་ནག་གཞུང་གིས་རྒྱ་ནག་རང་ཉིད་ཀྱི་རིག་གཞུང་དང་ཐ་དད་ཡིན་པའི་རིག་གཞུང་རྣམས་རྩ་མེད་གཏོང་གི་ཡོད་ཅིང་། ལྷོ་སོག་ལ་ཆ་མཚོན་ན་སོ་སོའི་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་ཐོབ་ཐང་དང་རང་དབང་བཙན་འཕྲོག་བྱེད་བཞིན་ཡོད་ལ། རྒྱ་ནག་གི་ཆབ་སྲིད་ཀྱི་འཇིགས་སྐུལ་དེ་རྒྱ་ནག་རང་ཉིད་ཀྱི་རྒྱལ་ཁོངས་ལས་རྒལ་ཏེ་རྒྱལ་སྤྱི་ཁྱོན་ཡོངས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པ་དཔེར་ན། ཐེ་ཝན་དང༌། ལྷོ་རྒྱ་ནག་རྒྱ་མཚོ། རྒྱ་གར་དང་བོད་ཀྱི་ས་མཚམས་སོགས་སུའང་འཇིགས་སྐུལ་བྱེད་བཞིན་ཡོད། ཅེས་བཀོད་འདུག

ཁོ་ཚོས་མུ་མཐུན་ནས་བརྗོད་དོན། རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་དེ་ནི་ཡོངས་གྲགས་ཆགས་ཡོད་ནའང་། ད་དུང་རྒྱལ་སྤྱིའི་ཨོ་གླིང་ཕིག་རྩེད་འགྲན་ཚོགས་ཆུང་གིས་དེ་ལ་གཞིགས་པའི་ཐག་གཅོད་ཅི་ཡང་བྱས་མེད་པ་དང་། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ད་ཐེངས་ཀྱི་ཨོ་གླིང་ཕིག་རྩེད་འགྲན་ནང་མཉམ་ཞུགས་མི་བྱ་རྒྱུའི་འབོད་སྐུལ་དང་དགོས་འདུན་བཏོན་ཡོད་ལ། དེ་ནི་རྒྱ་ནག་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་བར་རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པའི་གོ་སྐབས་བཟང་ཤོས་ཤིག་ཆགས་ཡོད། ཅེས་དང་།

ད་ལྟའི་ཆར་ཨ་རི་དང༌། ལི་ཐུའུ་ནི་ཡ། ཉིའུ་ཛི་ལན་ཀྲེ། སེ་ཀོ་ལན་གྲེ། སྦེལ་འཇམ། ཐེ་ཝན། ཨོ་སི་ཁྲུ་ལི་ཡ། དབྱིན་ ཡུལ། ཁེ་ན་ཊ ཁོ་སེ་ཝོ་བཅས་ཀྱིས། རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་གྱི་མི་སྣ་མཉམ་ཞུགས་མི་བྱེད་པའི་གསལ་བསྒྲགས་བསྐྱངས་ཡོད་པ་དང་། རྒྱ་གར་ནི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས་གནས་སྐབས་ཀྱི་ཁེ་ཕན་ལ་མ་གཟིགས་པར། གོང་གསལ་རྒྱལ་ཁབ་ ཁག་དང་མཉམ་དུ་གཞུང་འབྲེལ་སྐུ་ཚབ་མི་གཏོང་རྒྱུའི་དགོས་འདུན་འདོན་དགོས་པ་ཡིན། དེ་ལྟར་བྱས་ཚེ་རྒྱ་ནག་ལ་གདོང་ལེན་བྱ་རྒྱུའི་ཐད་ནུས་པ་དེ་བས་ཆེ་བ་ཞིག་འདོན་ཐུབ་པ་དང་རྒྱ་གར་གྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐོབ་ཐང་གི་གནད་དོན་ཐད། དྲང་བདེན་གྱི་ཕྱོགས་སུ་ལངས་བཞིན་ཡོད་པ་དེ་ཡང་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ངེས་རེད། ཅེས་བརྗོད་སོང་།

མཐའ་མར་དེར་ཁོ་ཚོས་བརྗོད་དོན། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་འདི་ལོའི་པེ་ཅིང་དགུན་དུས་ཨོ་གླིང་ཕིག་རྩེད་འགྲན་ནང་མཉམ་ཞུགས་མི་བྱེད་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། དེ་ལྟར་དོན་དུ་འཁྱོལ་བ་བྱུང་ཚེ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང༌། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣའི་ཐོག་བཙན་གནོན་གཏོང་བའི་བྱ་སྤྱོད་ངན་པ་དེ་དག་བཀག་འགོག་བྱ་རྒྱུར་ཕན་ནུས་ཆེན་པོ་ཐོན་ངེས་ཡིན། ཞེས་འབོད་སྐུལ་ཞུས་སོང་།

རྒྱལ་སྤྱིའི་ལས་འགུལ་ཉིན་མོ་འདི་ནི། རྒྱ་གར་དང་། ཐེ་ཝན། ཨོ་གླིང་། སུད་སི། ཧྥ་རན་སི། སྦེལ་ཇམ། ཁེ་ཎ་ཊ། ཨ་རི་སོགས་སུ་བོད་མི་གཙོས་ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་སོག རྒྱ་ནག་གི་མང་གཙོ་དོན་གཉེར་བ། ཐེ་ཝན་བཅས་ཀྱི་ལས་འགུལ་བ་རྣམས་ཀྱིས་པེ་ཅིང་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ལ་༢༠༢༢་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་མི་བྱེད་རྒྱུའི་འབོད་སྐུལ་རིམ་པ་ཞུས་དང་ཞུ་བཞིན་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།