03
Fri, May

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༡ཉིན། བོད་ཀྱི་ཟློར་གར་ཚོགས་ཁང་དུ་སྲིད་སྐྱོང་འོས་མི་སྐལ་རྡོ་ལགས་ཀྱིས་མི་མང་ལ་གཏམ་བཤད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ལོའི་ཟླ་༣་ཚེས་༢༡ཉིན། ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་སྤྲོད་རོགས་ཞེས་སློང་གི་ཡོད་མ་རེད། ང་ཚོའི་ལོ་རྒྱུས་དང་། རྒྱལ་རབས། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བཤད་ན་ང་ཚོར་ཐོབ་ཐང་ཡོད་རེད། དེར་བརྟེན། ང་ཚོས་ལས་འགུལ་དང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱ་དགོས་པར་འདུག ཅེས་སྲིད་སྐྱོང་འོས་མི་སྐལ་རྡོ་ལགས་ཀྱིས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤་པའི་ཐོག བཞུགས་སྒར་རྡ་ས་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེད་དུ། སྲིད་སྐྱོང་འོས་མི་སྐལ་རྡོ་རྒྱབ་སྐྱོར་བ་རྡ་སའི་ས་གནས་དྭང་བླངས་གོ་སྒྲིག་ཚོགས་པའི་གོ་སྒྲིག་འོག སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་མི་མང་བརྒྱ་ཕྲག་འགའ་ལ་ཁོང་གི་མ་འོངས་པའི་དམིགས་ཡུལ་དང་འཆར་གཞི་སྐོར་གཏམ་བཤད་གནང་སོང་།

དེ་ཡང་ཐོག་མར། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་དང་སྲིད་སྐྱོང་འོས་མིར་ལངས་དགོས་པའི་དམིགས་ཡུལ་སྐོར་སོགས་ཀྱི་བརྙན་ཐུང་ཅིག་བསྟན་གནང་སོང་། དེའི་རྗེས། བོད་མི་གཉིས་ཀྱིས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་མིན་ཐོག་གཏམ་བཤད་གནང་སོང་།

དེ་ནས་སྲིད་སྐྱོང་འོས་མི་སྐལ་རྡོ་ལགས་ཀྱིས་བརྗོད་དོན། སྔོན་འགྲོའི་འོས་བསྡུ་ནང་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་སྲིད་སྐྱོང་འོས་མིར་ལངས་པར་འབོད་སྒྲ་གསུམ་ཡོད། དེ་ཡང་རྒྱལ་ཁབ་གཅིག མི་རིགས་གཅིག འཐབ་རྩོད་གཅིག་བཅས་ཡིན། འདི་དག་ནི་ང་ཚོར་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད། མི་མང་གིས་ང་ལ་གོ་སྐབས་གནང་ན། ཆེ་ས་ནས་ང་ཚོའི་འཐབ་རྩོད་ཐོག་ཤུགས་རྒྱག་རྒྱུ་ཡིན། དེ་ཡང་དབུ་མའི་ལམ་གཞི་བཞག་ཐོག་འཐབ་རྩོད་བྱ་རྒྱུ་ཡིན་ལ། འཐབ་རྩོད་ཆེད་མ་དངུལ་ཡང་སྤེལ་རྒྱུ་ཡིན། ཞེས་གསུང་སོང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། ང་ཚོ་ག་དུས་ཡིན་རུང་རྒྱ་གཞུང་ལ་བསྟུན་དགོས་པར་མི་འདོད། འཐབ་རྩོད་ལམ་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་རེད་བསམས་གྱི་འདུག ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་སྤྲོད་རོགས་ཞེས་སློང་གི་ཡོད་མ་རེད། ང་ཚོའི་ལོ་རྒྱུས་དང་། རྒྱལ་རབས། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན་ང་ཚོར་ཐོབ་ཐང་ཡོད་རེད། དེར་བརྟེན། ང་ཚོས་ལས་འགུལ་དང་འཐབ་རྩོད་བརྒྱུད་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱ་དགོས་འདུག ཅེས་བརྗོད་སོང་།

དེ་ནས་སྲིད་སྐྱོང་འོས་མི་སྐལ་རྡོ་ལགས་ཀྱིས་སྐད་ཡིག་རིག་གཞུང་ཐོག་མ་དངུལ་མང་ཙམ་སྤེལ་རྒྱུ་ཡིན། འཕྲུལ་རིགས་ཡར་རྒྱས། བོད་ཕྲུག་གསོ་སྐྱོང་དང་ཤེས་ཡོན་ཡར་རྒྱས་དང་། བོད་ནང་དང་རྒྱ་བལ་འབྲུག་གསུམ། ཕྱི་རྒྱལ་ཁག་ཏུ་བོད་མི་རྣམས་མཐུན་སྒྲིལ་ཡོང་ཐབས་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་སོང་།

དེ་བཞིན་ཁོང་གིས་མུ་མཐུད་ནས་བརྗོད་དོན། རང་ཉིད་སྲིད་སྐྱོང་ལ་འདེམས་ཐོན་བྱུང་ཚེ་ལོ་དང་པོའི་ཉིན་གྲངས་ ༣༦༥ ནང་ལག་བསྟར་འཁེལ་ཐབས་བྱ་རྒྱུའི་ལས་འཆར་ཆེན་པོ་ ༡༣ ཡོད། དེའི་ནང་ནས་ཁག་ཅིག་སྐོར་འགྲེལ་བརྗོད་བྱས་ན། ད་ལྟར་ཏོག་དབྱིབས་ནད་དུག་གིས་ང་ཚོ་ཚང་མར་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད། དེར་བརྟེན། རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་འགོག་སྨན་རག་པར་བྱས་ནས་དགོས་ངེས་བྱས་ནས་དགོས་ངེས་ཅན་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ད་དུང་། རྒྱ་གར་གཞུང་དམངས་གཉིས་ཀྱིས་༸གོང་ས་མཆོག་དང་རྒྱ་བོད་གཉིས། དབུས་བོད་མིའི་སྒྲིག་འཛུགས་བཅས་ལ་ལྟ་ཚུལ་ཇི་ཡོད་རྟོགས་ཐབས་སུ་རང་དབང་ལྡན་པའི་ཚོགས་པ་བརྒྱུད་དེ་རྟོག་ཞིབ་ནན་པོ་བྱས་ནས་སྙན་ཐོ་འདོད་ཐབས་བྱ་རྒྱུ་ཡིན། ཞེས་གསུངས་སོང་།

ཁོང་གིས་བོད་རྒྱ་འབྲེལ་མོལ་སྐོར་བརྗོད་དོན། ཕྱི་ལོ་༢༠༡༠་ནས་བོད་རྒྱ་འབྲེལ་མོལ་ཆད་པ་རེད། དེའི་རིང་བོད་རྒྱ་འབྲེལ་མཐུད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་སུམ་ཅུ་སོ་གྲངས་ཚོགས་ཡོད་རེད། ཚོགས་འདུ་འདི་དག་གི་ཡིག་ཆ་དང་ལས་དོན་དཔྱད་པ་ཞིབ་མོ་བྱས་ཏེ། བསལ་བློ་གསར་པ་རེག་ཐབས་དང་བྱེད་སྟངས་མི་འདྲ་བ་གང་འདུག་མིན་ཐོག་དཔྱད་ཞིབ་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

གཞན་ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ན་གཞོན་གྱི་སྡེ་ཁག་ཅིག་ཟུར་དུ་འཛུགས་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་དང་བོད་དམག་རྣམས་ཀྱི་བར་འབྲེལ་ལམ་ཇེ་ལེགས་གཏོང་ཐབས་སུ་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེ་ནས་བོད་ཀྱི་ལོ་རྒྱུས་སྐོར་ཁོང་གིས་བརྗོད་དོན། ང་ཚོའི་རྒྱལ་རབས་དང་ལོ་རྒྱུས་ཧ་ཅང་རྩ་ཆེན་པོ་རེད། ང་ཚོས་རྒྱལ་རབས་དང་ལོ་རྒྱུས་མ་ཤེས་པ་ཡིན་ན། འཐབ་རྩོད་པ་ཞིག་བྱེད་ཐུབ་ཀྱི་མ་རེད་བསམས་ཀྱི་འདུག དེར་བརྟེན། གལ་སྲིད་ང་སྲིད་སྐྱོང་འདེམས་ཐོན་བྱུང་ཚེ། ལོ་དང་པོ་ནས་མཁས་པ་མང་པོ་ཞིག་གདན་འདྲེན་ཞུས་ནས་རྒྱལ་རབས་དང་ལོ་རྒྱུས་ཐོག་ལས་གཞི་རྒྱ་ཆེན་པོ་ཞིག་བྱ་འཆར་ཡོད། སྔོན་འགྲོ་སློབ་གྲྭ་ནས་འགོ་འཛུགས་ནས་རྒྱལ་རབས་དང་ལོ་རྒྱུས་སློབ་དེབ་བཟོ་རྒྱུའི་ཐོག་ཤུགས་རྒྱག་རྒྱུ་ཡིན། རྒྱལ་རབས་དང་ལོ་རྒྱུས་ཡག་པོ་ཤེས་པ་ཡིན་ན་ང་ཚོའི་བདེན་མཐའ་སེལ་རྒྱུར་རེ་བ་མང་བ་མཐོང་གི་འདུག ཅེས་བོད་དེ་ལོ་རྒྱུས་ཀྱི་སྒང་ནས་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་བདེན་དཔང་ར་སྤྲོད་ཡོངས་ཐབས་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་སྒང་གོ་རྟོགས་སྤེལ་ཐབས་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

གཞན་ཡང་། ཁོང་གིས་བརྗོད་དོན། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་དམིགས་བསལ་འཛུགས་སྐྲུན་གྱི་ལྟེ་གནས་ཤིག་བཙུགས་ཏེ་ལེགས་འགྲུབ་བྱུང་ན་གཞིས་ཆགས་གཞན་དུའང་ལག་བསྟར་བྱ་རྒྱུ། ཚོང་ལས་ཐོག་སྤྱི་སྒེར་མཉམ་ལས་དང་སུད་ཚོང་བ་རྣམས་ལ་བུན་གཡར་གྱི་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུ་ཡིན་སྐོར་གསུངས་སོང་། ད་དུང་ཁོང་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བྱེད་ཐབས་དེང་རབས་ཅན་ལ་བསྒྱུར་ཐབས་སུ་བརྡ་འཕྲིན་འཕྲུལ་རིགས་ཆས་ཀྱི་ནུས་པ་ལ་བརྟེན་པའི་འཛིན་སྐྱོང་བྱེད་ཐབས་ཀྱི་ལས་གཞིའི་འཆར་གཞི་ཡོངས་སུ་ལེགས་པོར་གདེང་རྒྱུའི་འཆར་གཞི་ཡོད། རྡ་རམ་སར་ཆ་བཞག་ན་ཡུལ་སྐོར་སྤྲོ་འཁྱམ་ཡོང་སའི་ས་ཆ་ཞིག་ཆགས་བསྡད་ཡོད་རེད། དེར་བརྟེན། རྒྱ་གར་གཞུང་དང་ས་གནས་གཞུང་ལ་ཞུས་ནས་རྡ་སར་བོད་པའི་ཁྲོམ་ས་ཞིག་ཡོང་ཐབས་ཐོག་བསམ་བློ་གཏོང་རྒྱུ་ཡིན། ཞེས་གསུང་སོང་།

མཐའ་མར། སྲིད་སྐྱོང་འོས་མི་སྐལ་རྡོ་ལགས་ཀྱིས་གསུང་དོན། ནུབ་ཕྱོགས་རྒྱལ་ཁབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་གཞུང་ཐོག་འཛིན་པའི་སྲིད་ཇུས་འགྱུར་བ་གཏོང་བཞིན་ཡོད། དེར་བརྟེན། ང་ཚོས་གོ་སྐབས་འདི་དམ་འཛིན་ཐུབ་པ་བྱེད་དགོས། རྒྱལ་ཁབ་ཁག་གི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་འཇོག་རྒྱུ་དང་བོད་དོན་ལས་འགུལ་སྤེལ་རྒྱུ་སོགས་ཀྱི་ཐོག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།