29
Mon, Apr

བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༠ཚེས་༢༩ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་འབྲས་སྐྲན་གྱི་སྙུང་གཞིའི་འོག ཨ་རིའི་ཁ་ལི་ཧྥོར་ནེ་ཡ་མངའ་སྡེའི་སན་ཧྥ་རན་སེ་སི་ཁོ་གྲོང་ཁྱེར་ནང་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནི། ཕྱི་ལོ་༡༩༤༨ལོར་ཡབ་རྒྱ་རི་ཉི་མ་བཟའ་ཟླ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། བཙན་བྱོལ་དུ་འབྱོར་རྗེས་རྡོར་གླིང་ཁུལ་དབྱིན་ཡིག་སློབ་སྦྱོང་ཕྲན་བུ་གནང་བ་དང་། ཕྱི་ལོ་༡༩༦༩ནས་གཞུང་ཞབས་ཁོངས་འཛུལ་ཞུགས་ཀྱིས་ཐོག་མ་ལྡི་ལི་དོན་གཅོད་ཁང་གི་དྲུང་གཞོན་དང་། བར་སྐབས་ཤིག་ལ་རང་དབང་གསར་ཤོག་གི་ལས་བྱེད་པ། དབྱིན་ཡིག་བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའང་འཁྱུག་ཙམ་གནང་མྱོང་ཡོད།

ཕྱི་ལོ་༡༩༧༠ལོར་སྐབས་དེའི་བོད་པ་ན་གཞོན་ཚོས་རང་གི་ལས་འགན་གྱི་ཞོར་དུ་བོད་སྤྱི་བའི་ལས་དོན་ལ་ནུས་པ་འཕར་མ་སྤུང་ཆེད་ཆོལ་ཁ་དང་ཆོས་ལུགས་ཀྱི་ངོ་བོ་གཏན་ནས་མེད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་ཀྱི་ཐུགས་འགན་བཞེས་ཡོད་པར་མ་ཟད། རྒྱ་གར་དུ་བོད་དོན་ལས་འགུལ་གོང་མཐོར་སྤེལ་པར་འཕགས་བོད་མཛའ་འབྲེལ་ཚོགས་པ་ཟུར་འཛུགས་ཀྱིས་རྒྱ་གར་བའི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་བཙུགས། ཕྱི་ལོ་༡༩༨༠ལོར་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ཁོངས་མདོ་སྟོད་སྤྱི་འཐུས་ལ་འདེམས་ཐོན་བྱུང་བ་དང་། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་ཡང་གནང་འདུག

ཕྱི་ལོ་༡༩༨༠ལོར་རྒྱ་ནག་གཞུང་དང་འབྲེལ་ལམ་འགོ་འཛུགས་བྱུང་བ་ནས་བཟུང་སྟེ་བོད་རྒྱ་གཉིས་ཀྱི་གྲོས་མོལ་བརྒྱུད་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ལས་དོན་ལ་རྒྱ་རི་རིན་པོ་ཆེ་ཐད་ཀར་འབྲེལ་བ་བྱུང་ཡོད་ཅིང་། བཀའ་བློན་གྱི་ལས་ཁུར་བཞེས་པའི་རིང་ལ་བཙན་བྱོལ་བོད་མིའི་ཕྱི་འབྲེལ་ལས་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་འགན་གཙོ་བཞེས་གནང་ཡོད། ཕྱི་ལོ་༡༩༨༢དང་༡༩༨༤ལོ་སོ་སོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་པེ་ཅིང་དུ་གཏོང་གནང་མཛད་པའི་མི་གསུམ་ཡོད་ཁོངས་ནས་གཅིག་ཁོང་ཡིན་པ་དང་། ཕྱི་ལོ་༡༩༨༤ལོར་དྲིལ་བསྒྲགས་དྲུང་ཆེ་ལས་འཕར་ལ་བསྐོ་གཞག་བསྩལ་གནང་འདུག

ཕྱི་ལོ་༡༩༩༡ལོ་ནས་རྒྱ་རི་རིན་པོ་ཆེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚོགས་གཙོ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པའི་རིང་ལ་འཛམ་གླིང་སྤྱི་དང་། ལྷག་པར་ཨ་རིའི་སྲིད་འཛིན་བཞིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུས་ཀྱིས་མཇལ་འཕྲད་གནང་རྒྱུར་འོག་གྲབས་ཀྱི་ལས་དོན་འགན་ཁུར་གཙོ་བཞེས་གནང་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཚོས་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་བྱུང་ནས་བོད་ཀྱི་སྲིད་བྱུས་ཞེས་པའི་ཁྲིམས་ཡིག་བཞག་པ་བཅས་མདོར་ན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་དབུ་ཁྲིད་གཅིག་གིས་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་བརྒྱ་ལས་མེད་ཀྱང་དེང་སྐབས་འཐུས་མི་བརྒྱ་དང་གཅིག་ཡོད་པ་ནི་རྒྱ་རི་བློ་གློས་རྒྱལ་མཚན་རེད་ཅེས་ཞུས་མྱོང་ཡོད་འདུག

ཕྱི་ལོ་༢༠༠༡ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་ཐོག་ཏུ་རྒྱ་ནག་ལ་ཐེངས་དགུ་ཕེབས། བོད་རྒྱའི་འབྲེལ་མོལ་གྱི་ཐོག་མཐའ་བར་གསུམ་དུ་རྒྱ་རི་རིན་པོ་ཆེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལམ་སྟོན་བཞིན་རྒྱ་ནག་གི་དཔོན་རིགས་ཚོར་འཇམ་རྩུབ་གཉིས་ཀྱི་ཐབས་བྱུས་ཅི་རིགས་བསྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་པ་ལྷོད་མེད་གནང་།

༢༠༡༨ལོའི་ཟླ་༡༠ཚེས་༢༩ཉིན། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་གོ་མ་ཐག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད་ཚོས་ཐུགས་ཕམ་དང་སྦྲགས། དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྤྱི་སྨན་ཞབས་ཞུ་བསྒྲུབས་པར་ཡི་རངས་དང་རྗེས་དྲན། མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། གངས་སྐྱིད་ཚོགས་ཁང་གསར་པའི་ནང་སྨོན་ལམ་གསུང་འདོན་གནང་།

སྐབས་དེར། དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་རིང་ང་ཚོས་དོན་དམ་གྱི་བོད་མི་རྒྱལ་གཅེས་ལྷག་བསམ་ཅན་ཞིག་འདས་གྲོངས་སུ་གྱུར་བར་མྱ་ངན་རྗེས་དྲན་ཞུ་བཞིན་ཡོད། རྒྱ་རི་བློ་གྲོས་རྒྱལ་མཚན་ཞིང་གཤེགས་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་བོད་དང་བོད་མིའི་བདེ་དོན་སླད་ལྷག་བསམ་ཆེར་སྐྱེད་ཐོག་ཞབས་ཞུ་བསྒྲུབས་ཡོད། དམ་པ་ཁོང་གིས་མང་ཚོགས་ཀྱི་བདེ་སྡུག་ཆེད་རང་འདོད་སྤང་པའི་སྲི་ཞུ་བསྒྲུབས་པ་དེ་ནི་ཤིང་རྟའི་སྲོལ་འབྱེད་པ་ལྟ་བུ་ཞིག་ཡིན། དེར་བརྟེན། དམ་པ་དེ་ཉིད་ཀྱི་རླབས་ཆེན་གྱི་བྱས་རྗེས་རྣམས་ང་ཚོའི་དུས་རྟག་ཏུ་རྗེས་སུ་དྲན་པའི་ཐོག་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ང་རང་སྒེར་ལ་མཚོན་ན། དམ་པ་ཁོང་དང་ལྷན་ལོ་མང་རིང་ལས་ཀ་བྱས་པའི་ཉམས་མྱོང་རྣམས་དུས་རྟག་ཏུ་སེམས་ནང་དྲན་གསོ་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་ཤུལ་ལུས་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཅེས་གསུངས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།