29
Mon, Apr

སེ་ར་གྲྭ་བ་ཞིག་གིས་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་ཡོད་པའི་གསར་འགོད་གསལ་བསྒྲགས་བྱེད་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཟླ་འདིའི་ཕྱི་ཚེས་༢༣ཉིན་གྱི་སྔ་དྲོའི་དུས་ཚོད་༡༠སྟེང་།  རྒྱ་གར་ལྷོ་ཕྱོགས་སེར་བྱེས་གཙང་པ་ཁང་ཚན་ནས་ཡིན་པའི་གྲྭ་ཐུབ་བསྟན་ཆོས་འཕེལ་ཟེར་བ་ཞིག་གིས་ཉེ་སྔོན་ཁོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་གྱིས་རྩ་དོན་ཞིག་གི་ཆེད་དུ་རང་ལུས་མེར་སྲེག་གནང་རྒྱུ་ཡིན་པའི་གནས་ཚུལ་ཞིག་སྤྱི་ཚོགས་བརྒྱུད་ལམ་སྐད་འཕྲིན་སྟེང་སྤེལ་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་།

གསར་འགོད་གསལ་བསྒྲགས་སྐབས་ཁོས་ཤོག་ངོས་ལྔ་དང་དོན་ཚན་གསུམ་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་གནང་སོང་བ་དང་། ཡིག་ཆའི་ནང་འཁོད་དོན། ཟླ་འདིའི་ཚེས་༤ ཉིན་ཨམྲ་ཝ་ཏིའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་སོགས་མཇལ་སྐབས་བློ་ཐག་བཅད་པའི་གནས་ཚུལ་དེ་ཚེས་༩ མཚན་མོར་སྐད་འཕྲིན་རྒྱབ་ཏུ་བཀོད་པ་ཡིན། དེ་འདྲའི་བློ་ཐག་གཅོད་དགོས་པའི་སྐྱོ་གནས་གང་ཞིག་མཐོང་མིན་དང་། བཟང་ཕྱོགས་ཀྱི་རེ་བ་གང་ཞིག་དམིགས་ཚད་དུ་བཟུང་བ་ཁག་ཅིག་ཞུ་རྒྱུ་ཡིན།  ཞེས་དང་།

ཡང་འདས་ལོའི་ཕྱི་ཟླ་༡༡ པའི་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཁོང་གིས་སྲོག་ཤིང་བྱས་པའི་བཀའ་ཤག་གིས། ༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་ལས་གནས་མཇུག་བསྡུས་ཤིང་དེ་འབྲེལ་གྱི་གཏམ་བཤད་དང་གསལ་བཤད་སྤེལ་བ་ལས། དོན་གཅོད་སྤེན་ཚེའི་འདས་པའི་མི་ལོ་ཉི་ཤུ་ལྷག་གི་རང་གཤིས་ལ་འགྱུར་བ་ཕྱིན་ཚུལ་དང་ལོ་རྒྱུས་ཀྱི་དེབ་ཐེར་སྟེང་དུ་མི་བུ་ནག་ཅན་ཞིག་ཏུ་ཐོན། 

དེ་ལ་བརྟེན་ནས་སྲིད་སྐྱོང་མཆོག་ལ་ཧ་ཅང་གི་དགའ་ཞེན་དང་ཡིད་ཆེས་ཞུ་མཁན་རྣམས་ཀྱི་སེམས་ནང་དུ་དོན་གཅོད་སྤེན་ཚེ་ནི་མི་ནག་ཅན་ཞིག་རང་ཡིན་པའི་ཡིད་ཆེས་སྐྱེས་ཤིང་ཁོང་ནག་ཅན་ཡིན་པ་དེ་ནི་གཞུང་འབྲེལ་གྱི་དཔང་རྟགས་དང་བཅས་པ་ཞིག་ཀྱང་རེད་སྙམ་བཞིན་ཡོད། མ་ཟད་ད་ལྟའི་གྱེན་རྒོལ་དང་འགལ་ཟླ་འབྱུང་གཞིའི་དུག་རྩ་དེ་ཡང་དོན་ཟུར་སྤེན་ཚེ་ཁོ་ཉག་གཅིག་ཡིན་སྙམ་གྱི་ཡོད་པ་རེད། ཅེས་འཁོད་ཡོད་འདུག

ཡང་ཁོས་སྤྱི་འཐུས་ལྷན་ཚོགས་ལ། སྲིད་གཞུང་འདི་ནི་ཡུལ་གྲུ་གཞན་དག་གི་སྲིད་གཞུང་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན། གོང་ཞུས་ཀྱི་སྐྱོ་གནས་རྣམས་ནི་འཛིན་སྐྱོང་བཀའ་ཤག་གིས་ཕྱག་ལས་གནང་ཕྱོགས་དང་འབྲེལ་བ་ལས་བྱུང་ཡོད། ད་དུང་བློ་འཚབ་འབྱུང་གཞི་གཞན་ཞིག་ནི་གནད་དོན་དེ་དག་ཐག་གཅོད་ལེགས་པོ་ཡོང་རྒྱུའི་ཚབ་ལ་རྣོ་ངར་ལྡན་པའི་འཐབ་རྩོད་དང་། ཕྱོགས་འཐེན་དཔུང་སྒྲིལ་གྱི་འཐབ་རྩོད་བརྒྱུད་ནས་དཀར་ནག་གོ་ལྡོག་གི་ཐག་གཅོད་ཀྱི་ཐོག་ལ་འགྲོ་རྒྱུའི་ཉེན་ཁ་ཐོན་བཞིན་ཡོད། གནད་དོན་འདི་ཚོ་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་རྒྱུའི་སྐུ་དབང་ཡོངས་སུ་རྫོགས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་གོང་ཞུས་ཀྱི་ཁྱད་ཆོས་ལྡན་པའི་ང་ཚོའི་སྲིད་གཞུང་འདི་སྲུང་སྐྱོབ་བྱེད་མཁན་ལ་འཕགས་མཆོག་ཕྱག་ན་པདྨོས་ཕྱུགས་རྫི་ལྟ་བུར་མངགས་པ་ཞིག་དང་། བོད་ཆོལ་གསུམ་རྒྱལ་ཡོངས་མི་མང་གི་སྐུ་ཚབ་ཏུ་མངགས་པའི་ཕ་མ་ལྟ་བུའང་ཡིན། ཡིན་ནའང་ཁོང་རྣམ་པས་རང་འཁྲིའི་འགན་ཁུར་ཚད་ལྡན་མི་ཞུ་བའམ་ངན་རྒྱབ་དཔུང་སྒྲིལ་སོགས་ལྡོག་ཕྱོགས་ཀྱི་བྱ་འགུལ་འཐོན་ཚེ། གོང་ཞུས་ཀྱི་རིན་ཐང་ལ་བརྩི་བཀུར་ཞུ་ཐབས་བྲལ་བ་ཞིག་ཆགས་ཀྱི་རེད། ཅེས་དང་།

ཁོས་མུ་མཐུད་ཚོགས་ཉེ་བའི་སྤྱི་འཐུས་ལྷན་ཚོགས་ལ་འབོད་སྐུལ་ཞུས་དོན། ད་ལྟ་ང་ཚོས་མཐོང་བཞིན་པའི་འཇིགས་སུ་རུང་བའི་སྤྱི་ཚོགས་ཀྱི་རྙོག་གྲ་འདི་ཕྱོགས་ཡོངས་ནས་གཙང་མ་གཙང་རྐྱང་བཟོ་བའི་ནུས་པ་དང་དབང་ཚད། ཞེ་འཁོན་གྱི་རྙོག་གྲ་རྒྱུན་མ་ཆད་པར་འཇོག་རྒྱུ་གཉིས་ཀྱི་འདམ་ག་དེ་ད་ལྟ་འཚོག་ལ་ཉེ་བའི་གྲོས་ཚོགས་ཀྱི་ཚོགས་ཆེན་ཁོ་ན་ལ་ཡོད་ཀྱི། གཞན་སུ་གཅིག་ལ་མེད། ཁ་ཤས་ཀྱི་དགོངས་ཚུལ་ལ། ད་༧གོང་ས་མཆོག་གིས་ཞལ་ཁར་མ་བཞུགས་པར་བཀའ་སློབ་འདྲ་གནང་ན་དགོངས་མཁན་དང་བསམ་ཚུལ་བརྗོད་མཁན་དེ་འདྲ་ཡོད་པ་རེད། དགོངས་ཚུལ་དེ་ནོར་བ་རེད། ད་ལྟའི་ཆ་ལ་ཁོང་གིས་བཀའ་སློབ་གནང་དགོས་ཐུག་ཚེ་དགོས་པ་བཅུ་ལས་དགག་བྱ་བརྒྱ་ཡི་ཆེ་བ་ཆགས་ཡོད། རྒྱུ་མཚན་ཞིབ་ཕྲ་རྗེས་སུ་ཞུས་ཆོག

ད་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབས་འདི་གང་འདྲ་ཆགས་འདུག་གམ། དེར་བརྟེན་ཉིན་ཤས་རྗེས་སུ་འཚོག་འགྱུར་གྱི་གྲོས་ཚོགས་ནས་གཙང་མ་གཙང་རྐྱང་བཟོ་རྒྱུའི་རེ་བ་གསར་འགོད་འདི་བརྒྱུད་ནས་ཞུ་བཞིན་ཡོད། དེ་ལྟར་འབྱུང་མིན་༸རྒྱལ་བ་དོན་གྱི་བདག་པོའི་བཀའ་དྲིན་ཐུགས་ལ་དགོངས་མཁན་ཚང་མས་གཟིགས་ཤིང་བཞུགས་རོགས། ཞེས་འཁོད་འདུག
མཇུག་ཏུ་ཁོས་གསར་འགོད་གསལ་བསྒྲགས་འདི་བརྒྱུད་ནས་བཀུར་འོས་སྤྱི་འཐུས་རྣམས་ལའང་གསལ་འདེབས་ཞུ་རྒྱུ་ཞིག་ལ། རང་ཉིད་ལ་གོང་ཞུས་ཕྱུགས་རྫི་ལྟ་བུ་དང་ཕ་མ་ལྟ་བུར་འཛིན་པའི་མཚན་གནས་རྗེས་འབྲེལ་གྱི་ཆེ་མཐོང་ལ་རང་སྲུང་ཐུབ་པ་དང་རང་འཁྲིའི་ཐུགས་འགན་ཆ་ཚང་བཞེས་ཐུབ་པའི་གསོལ་འདེབས་ཞུ་བཞིན་ཡོད། གལ་ཏེ་དེ་ལྟར་མ་བྱུང་ཚེ་མཇུག་འབྲས་ངན་པ་ལྷག་ན་འགན་འཁྲི་སུ་ཞིག་ལ་བབ་མིན་ཐུགས་ལ་མངའ་བར་ཞུ། ཞེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།