15
Fri, Nov

༢༠༡༩་ལོའི་ཟླ་༡༠་ཚེས་༣༠ཉིན། སེམས་དང་སྲོག་གི་བགྲོ་གླེང་ཐོག་༸གོང་ས་མཆོག་གིས་བཀའ་མོལ་གནང་བཞིན་པ། པར། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡༠་ཚེས་༣༠་ཉིན། བཞུགས་སྒར་རྡ་སའི་༸རྒྱལ་བའི་ཕོ་བྲང་དུ། སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཚོགས་ཡོད་པ་དང་། དེའི་ཐོག ༸གོང་ས་མཆོག་གིས་ཚན་རིག་པ་ཚོར་སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ། སེམས་པ་སོགས་དང་བསྟུན་ནས་དེ་དག་དང་འཚམས་པའི་ཆོས་གསུངས་ཀྱི་ཡོད། ཆོས་ལུགས་དེ་དག་གིས་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་བརྩེའི་ནུས་པ་གོང་འཕེལ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། ཅེས་གསུངས་འདུག

དེ་ཡང་། ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི། བྱམས་བརྩེ་དང་། ཕན་ཚུན་འབྲེལ་བ། འགྱུར་བའི་འཕེལ་རིམ་བཅས་ཡིན་འདུག དེའི་ཐོག ༸གོང་ས་མཆོག་དབུ་ཞུགས་ཐོག ཨ་རིའི་དབང་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སན་ (Richard Davidson)་མཆོག་དང་། ཨ་རི་ནིའུ་ཡོག་བྷིན་ཊོན་གཙུག་ལག་སློབ་གཉེར་ཁང་(Binghamton University) གི་སྐྱེས་དངོས་རིག་པའི་འཕེལ་རིམ་གྱི་རྣམ་གཞག་སྐོར་ལ་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཌེ་ཝི་ཌི་སོ་ལོན་ཝི་སོན(David Sloan Wilson) མཆོག བཅས་ཚོགས་ཞུགས་པ་༥༠་ཙམ་ཞིག་ཡོད་འདུག

དང་ཐོག་༸གོང་ས་མཆོག་གིས་ཚང་མར་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས་གསུང་དོན། དུས་རྒྱུན་ངོས་ཀྱིས་གཏམ་བཤད་བྱེད་སྐབས་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པའི་གཞུང་དང་། པཱ་ལིའི་སྲོལ་རྒྱུན་དབར་གྱི་ཁྱད་པར་དེ་པཱ་ལིའི་སྲོལ་རྒྱུན་དེ་གཙོ་བོ་སྟོན་པ་བཅོམ་ལྡན་འདས་ཀྱི་ལུང་གཙོ་བོར་བརྩི་བཞིན་ཡོད། འོན་ཀྱང་ལེགས་སྦྱར་སྐད་ཡིག་ལ་གཞི་བཅོལ་བའི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པའི་གཞུང་ལུགས་ཀྱི་སྲོལ་རྒྱུན་ལམ་ལུགས་ནང་རིག་པ་གཙོ་བོར་འཛིན་ནས་སྟོན་པའི་བཀའ་ཡིན་ཡང་དེར་རྒྱུ་མཚན་ཡོད་མེད་དཔྱད་པ་བྱས་ནས་འགྲོ་བཞིན་ཡོད། དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཟླ་བ་གྲགས་པ། སངས་རྒྱས་བསྐྱངས་ལ་སོགས་པའི་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་དེ་དག་གིས་སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་ཀྱི་རྣམ་གཞག་ཕྱེ་ནས་ཕེབས་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ། སེམས་པ་སོགས་དང་བསྟུན་ནས་དེ་དག་དང་འཚམས་པའི་ཆོས་གསུངས་ཡོད། དེ་ཡང་བཅོམ་ལྡན་འདས་རང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད། དེར་བརྟེན། བཅོམ་ལྡན་འདས་རང་གིས་ང་ཚོར་དཔྱད་པ་བྱ་རྒྱུའི་ཆོག་མཆན་གནང་ཡོད།

སྤྱིར་ངོས་ཀྱིས་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མར་གུས་པ་བྱེད་ཀྱི་ཡོད། ལོ་ངོ་སྟོང་ཕྲག་རིང་ནས་ཆོས་ལུགས་དེ་དག་གིས་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་བརྩེའི་ནུས་པ་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་བྱུང་ཡོད། ངོ་མཚར་ལྡན་པ་ཞིག་རེད། སྟོན་པ་རང་ཉིད་ཀྱིས་ང་ཚོར་ཆོས་རྣམས་ཀྱི་གནས་ལུགས་ལ་རྒྱུ་མཚན་ཐོག་ནས་དཔྱད་པ་གཏོང་དགོས་པ་བཀའ་གནང་ཡོད། དེར་བརྟེན་ལྟ་གྲུབ་ཐོག་ནས་ནང་པའི་ལྟ་གྲུབ་དེ་ཕྲན་བུ་མི་འདྲ་བ་ཞིག་འདུག

སྤྱིར་མིའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཡར་རྒྱས་ཕུལ་དུ་ཕྱིན་པ་ཞིག་ཡོང་བར་རྒྱུ་མཚན་ལམ་ནས་རྩད་གཅོད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག དེ་ལས་ལྡོག་སྟེ་གང་གསུངས་པ་ཐམས་ཅད་དེ་དེ་བཞིན་ནོ་ཟེར་ནས་འགྲོ་རྒྱུ་དེ་ཡག་པོ་མ་རེད། དེར་བརྟེན། ཁྱེད་རང་ཚོ་གོ་སྒྲིག་ཚོགས་པའི་ལས་དོན་ལ་བསྔགས་བརྗོད་ཡོད། འདས་པའི་ལོ་ཤས་རིང་ཁྱེད་ཚོས་སེམས་དང་སྲོག་གི་བགྲོ་གླེང་གོ་སྒྲིག་གནང་བར་བརྟེན་ཚན་རིག་པ་མང་པོ་ཞིག་དང་བགྲོ་གླེང་བྱས་རྒྱུ་བྱུང་། ཧ་ཅང་ཡག་པོ་སོང་། ཐུགས་རྗེ་ཆེ། འདིར་ངོས་ཀྱི་གྲོགས་པོ་རྙིང་པ་མང་པོ་ཞིག་མཇལ་རྒྱུ་འདུག

ཁྱེད་རྣམ་སྐུ་བགྲེས་པ་མཇལ་སྐབས་ད་ཆ་ངོས་རང་ཉིད་ཀྱང་རྒས་འདུག་བསམ་པ་དྲན་གྱི་འདུག ༼ བཞད་མོ་བཞད། ༽ ཁ་སང་ངོས་ཀྱིས་རྒྱ་གར་བ་གྲོགས་པོ་གཅིག་ལ་བརྗོད་རྒྱུ་བྱུང་། ངོས་རང་ད་ཆ་ལུས་པོ་རྒས་ནས་སྤུས་མོའི་ནུས་པ་རྫོགས་སྟབས་དཀའ་ངལ་འཕྲད་བཞིན་འདུག ངོས་ཀྱི་ལུས་པོའི་ནུས་པ་ཡོངས་རྫོགས་ཀླད་པའི་ནང་ཞུགས་འདུག ཅེས་རྩེད་མོ་དང་སྦྲགས་བརྗོད་རྒྱུ་བྱུང་། བཞད་མོ་བཞད། འབྱུང་འགྱུར་ལོ་ངོ་བཅུ། བཅོ་ལྔ། མང་ན་ལོ་ཉི་ཤུའི་རིང་ངོས་རང་གྲུང་ཐག་ཆོད་བྱས་ནས་བསྡད་ཀྱི་རེད། ལུས་པོ་འཁོར་ལོའི་རྐུབ་སྟེགས་སྟེང་གནས་ཀྱང་ཁ་བདེ་ཐག་ཆོད་བྱས་ནས་བསྡད་ཀྱི་རེད། བཞད་མོ་བཞད།

དེའི་རྗེས། སྐུ་ཞབས་ཌེ་ཝི་ཌི་སོ་ལོན་མཆོག་གིས་བགྲོ་གླེང་དབུ་བཙུགས་ནས་འགྲེལ་བརྗོད་གནང་དོན། ང་རང་སྐྱེས་དངོས་རིག་པའི་ཚན་རིག་པ་ཞིག་ཡིན། ངའི་བགྲོ་གླེང་གི་བརྗོད་གཞི་ཁག་ནི་ ། ༡༽འགྱུར་ལྡོག སྐྱེ་ལྡན་སྲོག་ཆགས་རིགས་ཀྱི་སྐྱེ་འཕེལ་ལ་ལྟ་སྐབས་ཚད་འཇལ་ཐུབ་པའི་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད། ༢༽རང་བྱུང་གི་འདེམ་སྒྲུག སྐྱེ་ལྡན་སྲོག་ཆགས་རིགས་འཚོ་གནས་ཐུབ་པ་དང་སྐྱེ་འཕེལ་ཐུབ་ཆེད་རང་བྱུང་འདེམ་སྒྲུག་བྱེད་སྲོལ་ཡོད། ༣༽རིགས་རྒྱུན་སྤེལ་བ། བཅས་ཡིན་སྐོར་སོགས་གསུངས་འདུག

ཟླ་༡༡་ཚེས་༢་ཉིན། བགྲོ་གླིང་གི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མཛད་རྒྱུ་དང་། སྐབས་དེར་བགྲོ་གླེང་གནང་མཁན་ལྷོ་ཨ་ཕི་རི་ཀའི་སི་ཊེན་ལེན་བྷོག་མཐོ་སློབ་ཀྱི་སེམས་ནད་བཅོས་ཐབས་ཐོག་མཁས་པ་ལྕམ་སྐུ་པུམ་ལ(Pumla GobodoMadikizela) ལགས་ཡིན་འདུག ཉིན་གཉིས་པའི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ཨེ་རོན་སི་ཊེན་(Aaron Stern) ལགས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།