24
ཕུར་བུ།, ཟླ་དགུ་པ།

༢༠༢༠་ལོའི་ཟླ་༧་ཚེས་༦་ཉིན། སྐུའི་འཁྲུངས་སྐར་ཉིན་༸གོང་ས་མཆོག་གིས་གསུང་འཕྲིནབསྩལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༦་ཉིན། སྐུའི་འཁྲུངས་སྐར་ཉིན། ༸གོང་ས་མཆོག་གིས་ངོས་ཀྱི་སྐྱེས་སྐར་ཉིན་སྤྱན་རས་གཟིགས་དྲན་པའི་ཐོག ༸རྒྱལ་བ་རིན་པོ་ཆེའི་བརྟེན་ས་དང་། དེ་བཞིན་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ངོས་ཀྱི་སྐྱེས་སྐར་ཉིན་སྤྱན་རས་གཟིགས་དང་༸རྒྱལ་བ་རིན་པོ་ཆེ་ངོ་བོ་དབྱེར་མེད་དུ་བལྟས་ནའང་རེད། འཕགས་པ་སྤྱན་རས་གཟིགས་གཙོ་བོ་དང་དེའི་མདུན་དུ་ངོས་རང་དགེ་སློང་གི་རྣམ་ཅན་དུ་ཡོད་པར་བསམ་བློ་བཏང་ནས་མ་ཎི་སྟོང་ཕྲག་རེ་བསགས་ན་ཕན་གྱི་རེད། ཅེས་གསུངས།

དེ་ཡང་། འཁྲུངས་སྐར་ཉིན་བརྙན་ཐུང་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་བཀའ་སློབ་སྩལ་དོན། དེ་རིང་ཕྱི་ཟླ་ ༧ ཚེས་ ༦ ཉིན་ངོས་ཀྱི་སྐྱེས་སྐར་གྱི་ཉིན་མོ་ཆགས་ཀྱི་ཡོད། སྐྱེས་སྐར་གྱི་དུས་ཆེན་ལ་མཛད་སྒོ་རིགས་འཚོགས་རྒྱུ་དེ་ད་ལྟའི་ནད་ཡམས་ཀྱི་རྙོག་དྲ་ལ་བརྟེན་མི་དགོས་པ་བྱ་རྒྱུ་དང་། གང་ལྟར་ངོས་ཀྱི་སྐྱེས་སྐར་ཉིན་ཁྱེད་རང་ཚོས་མ་ཎི་ཡིག་དྲུག་སྟོང་ཕྲག་གཅིག་ལས་མ་ཉུང་བ་བགྲང་ཐུབ་པ་བྱུང་ན། ཕན་ཐོགས་ཡོང་གི་རེད། རྒྱུ་མཚན་ནི། ངོས་རང་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མིན་པའི་འབྲེལ་བ་ཆགས་ཡོད་སྟབས་ཡིན། ཤེས་སོང་ངམ།

དེ་ཡང་། ང་ཚོ་བཙན་བྱོལ་བ་ཆགས་རྗེས་ཝ་ཏི་བཟང་པོའི་སྐུ་བརྙན་འདི་སྟོད་ནས་འདིར་ཚུར་ཕེབས་ཐུབ་པ་བྱུང་ཡོད། ངོས་ཀྱི་སྡོད་སར་ཝ་ཏི་བཟང་པོའི་སྐུ་བརྙན་བཞུགས་ཡོད། རྫོང་དཀར་ཆོས་སྡེའི་དགེ་འདུན་པ་ཚོ་འདི་ནས་མར་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་རྒྱུ་བྱས་པའི་སྐབས་ཝ་ཏི་བཟང་པོ་འདིར་ངོས་དང་མཉམ་དུ་བཞུགས་ཀྱི་ཡིན་ནམ་རྒྱ་གར་ལྷོ་ཕྱོགས་སུ་རྫོང་དཀར་ཆོས་སྡེའི་དགེ་འདུན་པ་དང་ལྷན་ཕེབས་རྒྱུ་ཡིན་ནམ་ཞེས་ངོས་ཀྱིས་ཟན་རྟགས་བསྒྲིལ་བ་རེད། ཝ་ཏི་བཟང་པོས་ངོས་དང་མཉམ་དུ་བཞུགས་ཀྱི་ཡིན། ཞེས་ཟན་རྟགས་བབས་པ་རེད།

གང་ལྟར། ངོས་རང་འདིར་ཝ་ཏི་བཟང་པོའི་དཀོན་གཉེར་གྱི་ཚུལ་དུ་སྡོད་བཞིན་ཡོད། ཝ་ཏི་བཟང་པོའི་སྐུ་བརྙན་འདིས་སྐབས་རེར་བཞད་མོ་བཞད་ཀྱི་ཡོད་པའི་བཟོ་འདྲ་བོ་གང་ལྟར་མི་འདྲ་བ་ཞིག་ཏན་ཏན་འདུག ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་གཙོ་བོར་བྱེད་ཀྱི་ཡོད་པར་བརྟེན་ཝ་ཏི་བཟང་པོ་ངོས་ཀྱི་སྐྱབས་དང་མགོན། དཔུང་གཉེན་ལྟ་བུ་ཆགས་ཡོད། འཕགས་པ་སྤྱན་རས་གཟིགས་ངོས་ཀྱི་དཔོན་པོའི་ཚུལ་རེད། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་བང་ཆེན་ནམ་ཕྱག་མཛོད་ལྟ་བུ་རེད་ཅེས། ངོས་ཀྱིས་ནམ་རྒྱུན་ཡོངས་གྲགས་བྱས་ནས་བཤད་ཀྱི་ཡོད།

དེ་རིང་ངོས་ཀྱི་སྐྱེས་སྐར་གྱི་དུས་ཆེན་ཉིན་སོ་སོའི་མོས་པ་དང་བསྟུན་ནས་མཛད་སྒོ་རིགས་འཚོགས་པ་ཡིན་ནའང་ཐལ་ཆ་གང་ཡང་མེད་ཀྱང་སྤྲོས་པ་ཆེན་པོ་མ་བྱས་ན་ལེགས། གང་ལྟར་འཁྲུངས་སྐར་ཉིན་སྤྱན་རས་གཟིགས་དྲན་པའི་ཐོག་༸རྒྱལ་བ་རིན་པོ་ཆེའི་བརྟེན་སའམ་སྐྱབས་བཅོལ་ས། དེ་མིན་དག་སྣང་ཐོག་ནས་བཤད་པ་ཡིན་ན། ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ངོས་ཀྱི་སྐྱེས་སྐར་ཉིན་སྤྱན་རས་གཟིགས་དང་༸རྒྱལ་བ་རིན་པོ་ཆེ་ངོ་བོ་དབྱེར་མེད་དུ་བལྟས་ནའང་རེད། འཕགས་པ་སྤྱན་རས་གཟིགས་གཙོ་བོ་དང་དེའི་མདུན་དུ་ངོས་རང་དགེ་སློང་གི་རྣམ་ཅན་དུ་ཡོད་པར་བསམ་བློ་བཏང་ནས་མ་ཎི་སྟོང་ཕྲག་རེ་བསགས་ན་ཕན་གྱི་རེད། མཁྱེན་སོང་ངམ།

དེ་ལྟར་བྱས་ན། ཁྱེད་རང་ཚོར་དགེ་རྩ་ཡོང་གི་ཡོད་པ་མ་ཟད། དགེ་བ་བསྔོ་རྒྱུ་དེ་ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་བང་ཆེན་གྱི་ཚུལ་དུ་ལོ་བརྒྱ་དང་བཅུ། བརྒྱ་དང་བརྒྱད་ཀྱི་རིང་འཚོ་ཐུབ་པའི་དོན་དུ་ཚང་མས་བསྔོ་བ་སྨོན་ལམ་རྒྱོབ། ཚང་མ་སྐྱིད་པོ་བྱས་ནས་སྡོད་ཨང་། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། །